དུར་ཁྲོད་དུ་ཕྱིན་པའི་མྱོང་ཚོར།

日期:2012-04-12

ཁྲག་གིས་སྦགས་པའི་དུར་རྡོ་ལེབ་མོའི་སྟེང༌། །
འདབ་ཆགས་རྒོད་པོའི་ཁྱུ་ཚོགས་རུབ་བརྒྱབས་ནས། །
འཚང་ཁ་ཤིག་ཤིག་གཟན་ལ་རྩོད་པ་འདི། །
སྔར་འདྲིས་གྲོགས་ཀྱི་ཕུང་པོར་ངེས་པ་རྙེད། །

ཟླ་བ་སྔ་མར་རྩེ་ཞིང་དགོད་པ་ཡི། །
སྲོག་དང་བཅས་པའི་ལུས་འདི་གློ་བུར་དུ། །
མཐོང་ན་མི་དགའ་མནམ་ན་དྲི་དཀུ་བ། །
འཇིགས་སྣང་སྐྱེ་བའི་གནས་སུ་ཇི་ལྟར་གྱུར། །

ཨ་ཙི་ཚེར་མའི་རེག་པ་ཕྲ་མོ་ཡང༌། །
མི་བཟོད་གཅེས་རྒུའི་དྭངས་མ་གཞོན་པའི་ལུས། །
ཐོ་བས་བརྡུངས་ཤིང་སྟ་གྲིས་གཤགས་གཏུབས་ཀྱིས། །
སྐད་ཅིག་ཡུན་ལ་བཟའ་བྱའི་གཟན་དུ་བསྒྱུར། །

ཚན་པོ་ཆེ་ཡི་སྡེར་མོ་རབ་གདེངས་ཤིང༌། །
ཁ་ལ་མཚོན་ཆ་སྐྱེས་པའི་བྱ་ཚོགས་ཀྱིས། །
ནང་ཁྲོལ་རྒྱུ་མ་འདྲད་ཅིང་འཐེན་པའི་ཚེ། །
བརྩེ་བའི་གཉེན་བཤེས་ཚོགས་ཀྱིས་མཆི་མ་ཤོར། །

ཡར་ལ་ལྟོས་དང་མཆོད་རྟེན་སྐོར་ལམ་ན། །
གནག་སྣུམ་སྐྲ་ལོ་ལྤགས་དང་བཅས་པ་མཐོང༌། །
རྡོག་པས་མ་རྫི་གཙང་ས་ཞིག་ཏུ་ཞོག །
འདས་སོང་གཤིན་ལ་གུས་ཞབས་ལོས་ཀྱང་ཞུ། །

མར་ལ་ལྟོས་དང་རུས་པའི་གྲམ་ཁྲོད་ན། །
ཀེང་རུས་སྐམ་པོ་ཆེ་ཆུང་འདྲ་མིན་རིགས། །
སྟོང་ཕྲག་དུ་མ་གཅལ་དུ་བཀྲམས་པ་འདིས། །
ཐ་མའི་ཕ་ཁྱིམ་འདི་ཞེས་མཚོན་པ་བཞིན། །

ཕར་ལ་ལྟོས་དང་རོ་གོས་བརྩེགས་མའི་དབུས། །
ཚིགས་གསུམ་འཁར་བ་ལག་འཇུ་ཅན་ཞིག་མཐོང༌། །
ཚེ་འདས་རྒས་འཁོགས་ཤིག་གི་ཡིན་པར་ངེས། །
ཁོས་ཀྱང་དུར་ས་འདིར་བཏབ་སྙིང་རེ་རྗེ། །

ཚུར་ལ་གཟིགས་དང་མིས་བཟོས་ནུ་ཏོག་ཅིག །
འོ་མ་བླུགས་སའི་ཤེལ་དམ་བཅས་པར་མཐོང༌། །
བདག་པོ་བྱིས་པ་ཤེད་མ་ཕྱེད་པ་ཞིག །
ལང་ཚོ་རྒྱས་ལོང་མ་བྱུང་ཤ་རེ་ཚ། །

དེ་ཡི་འགྲམ་གྱི་གསོ་རླུང་ཁུག་མ་དང༌། །
ནུབ་ལུགས་སྨན་གྱི་ཁ་བྱང་ལ་བརྟགས་ན། །
རྒྱ་རིགས་དགེ་བསྙེན་ཞིག་ཀྱང་ལས་དབང་གིས། །
མཐོ་སྒང་འདི་རུ་བདས་ཏེ་གཤེགས་པ་འདྲ། །

སྐྱོ་སྣང་ཆེ་ཡང་འཇིགས་པའི་བསམ་པ་མེད། །
གསོན་ལུས་འདི་དང་རོ་ཡི་འགྱུར་མཚམས་ནི། །
དབུགས་གཅིག་རྒྱུ་དང་འགག་པའི་ཁྱད་ཙམ་སྟེ། །
ད་ལྟའི་ལུས་འདི་འབྱུང་འགྱུར་རོ་མིན་ནམ། །

རུས་གོང་འདབ་ཆགས་ཐུ་བའི་མདོག་འདྲ་བ། །
འདི་ཉིད་ཅི་ལས་བྱུང་ཞེས་ཉེར་བརྟགས་ནས། །
སྐྱེ་འཆི་ལས་བྱུང་འབྱུང་ལྡོག་རྟེན་འབྲེལ་ལ། །
ངེས་པ་རྙེད་པར་གསུངས་པའང་ཡིད་ལ་འཁོར། །

ཁོ་བོ་ནམ་ཞིག་ལྔ་བའི་ལྟད་མོ་རུ། །
ལས་གཤིན་ཕོ་ཉས་སྤྱན་འདྲེན་བགྱིད་པའི་ཚེ། །
སྒྱུ་མའི་ལུས་འདི་ན་བཟའ་དཀར་མོ་ལ། །
འབུལ་པའི་ཆད་ལས་འདའ་བར་མི་སྤོབས་ཀྱང༌། །

ཤ་ཁྲག་གདོས་པའི་གཟུགས་ཉིད་དོན་མེད་དུ། །
འབྱུང་བཞིའི་དབྱིངས་སུ་ཐིམས་ན་ཆེས་ཕངས་པས། །
གཅེས་འཛིན་ཕུང་པོ་གཟན་དུ་སྐྱུར་བ་འདི། །
མཆོད་སྦྱིན་རྒྱ་མཚོའི་རྩེ་མོར་ཐེ་མི་ཚོམ། །

ནུབ་རིའི་གྲིབ་སོས་དུར་ཁྲོད་ཡོངས་སུ་མནན། །
སྐྱི་སེར་རླུང་བུས་ཇོ་དར་འུར་འུར་བསྐྱོད། །
རོ་ཟན་བྱ་ཁྱུ་མཁའ་དབྱིངས་མཐོངས་སུ་འཕུར། །
ད་ནི་ང་ཡང་རང་ཁྱིམ་སྙེགས་འདོད་སྐྱེས། །

ཚིལ་ཆེན་སྣུམ་གྱིས་ཁ་དོག་རབ་བསྒྱུར་བའི། །
དུར་རྡོ་ཟད་པོའི་ག་ལ་བར་སོང་ནས། །
ལྷབ་ལྷུབ་གཡོ་བའི་གཟན་སྣེ་ཕྲག་པར་གཟར། །
ཐལ་མོ་སྦྱར་ནས་ཐ་མའི་གསོལ་འདེབས་བྱས། །

 

ཤིང་སྤྲེལ་ཟླ་༨ཚེས་༡༡ལ། བླ་རུང་དུར་ཁྲོད་ཆེན་མོ་ནས།

所属类别: སྣ་ཚོགས་སྙན་རྩོམ་གྱི་སྐོར།

该资讯的关键词为:

页面版权© www.blh.hk      粤ICP备08008457号  技术支持: 中企动力  【后台管理登陆】