ཨོ་རྒྱན་སངས་རྒྱས་གཉིས་པ་རྗེས་སུ་དྲན་ཏེ་ཐུགས་དམ་གནད་ནས་བསྐུལ་བའི་གསོལ་འདེབས་་རིག་འཛིན་གཞོན་ནུའི་རྒྱང་འབོད།

日期:2012-04-12

ཀྱཻ། ཀྱཻ། ཀྱཻ།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །
སྐྱེ་འཆི་མི་མངའ་ཟག་བྲལ་རྡོ་རྗེའི་སྐུ། །
མ་ཧཱ་གུ་རུ་མཚོ་སྐྱེས་རྡོ་རྗེ་ཉིད། །
བུ་སྡུག་གདུང་བའི་དབྱངས་ཀྱིས་དེ་རིང་འབོད། །

ཉམ་ཐག་ཡུས་ཀྱིས་བརྣངས་པའི་སེམས་ཁོང་དུ། །
ཁྱེད་སྐུ་སྲིན་ཡུལ་གཤེགས་ཁའི་སྣང་བརྙན་དེ། །
སྐྱོ་སྣང་ཡད་ཡུད་ཅིག་གི་ངོ་ཁ་ན། །
མདང་སུམ་རྨི་ལམ་བཞིན་དུ་གསལ་སྙམ་བགྱིད། །

ལྗོན་ཤིང་རྩེ་ནས་བྱ་རྒྱལ་འཕུར་བ་བཞིན། །
བོད་དུ་མི་སྡོད་པད་འབྱུང་སྐྱེས་ཤིག་འདེགས། །
ཡོན་མཆོད་ཐུགས་ནང་གཤིན་ཡང་མི་འདོད་བཞིན། །
འབྲལ་དགོས་འབྱུང་ངོ་ལྷ་སྲས་བཙན་པོ་གསུངས། །

བསམ་ཡས་ཟུར་མཁར་བར་གྱི་ནེའུ་ཚལ་དུ། །
བོད་ཀྱི་རྗེ་འབངས་རྒན་གཞོན་ཕོ་མོའི་ཚོགས། །
སློབ་དཔོན་བཞུད་པའི་བཤོལ་འདེབས་ལ་འོངས་སྐབས། །
མི་རེའི་ཁོང་ནས་སྙིང་རེ་བཏོན་སྙམ་བྱེད། །

པད་འབྱུང་རྗེ་ཉིད་སྲིན་ཡུལ་གཤེགས་ཙ་ན། །
བོད་ཁམས་ལྷ་མིའི་སྐྱབས་གནས་སུ་ཡིས་བྱེད། །
མངའ་བདག་རྒྱལ་པོའི་བླ་མཆོད་སུ་ཡིས་བྱེད། །
སློབ་བུའི་མོས་གུས་སེམས་རྟེན་སུས་བྱེད་ཅེས། །

གདུང་བའི་མཆི་མ་འདོན་བཞིན་སྨྲེ་སྔགས་ཀྱིས། །
བཤོལ་མ་བཏབ་ཀྱང་འཛམ་གླིང་སྐྱོབ་པའི་ཕྱིར། །
སྲིན་པོ་འདུལ་བར་མ་ཕེབས་ཐབས་མེད་པའི། །
བཟློག་མེད་ལས་བསྐོས་བཙན་པོ་སུ་ཡིས་འགོག །

སྤྲིན་གྱི་གསེབ་ནས་ཅང་ཤེས་བ་ལ་ཧ། །
རྣ་མཆོག་ཀྲོང་ངེ་ཕུར་སྒྲ་སྒྲོགས་པ་ལ། །
ཉེ་བར་བཅིབས་ཏེ་ལྷ་དང་ལྷ་མོ་དང༌། །
དཔའ་བོ་སྡེ་བཞིས་ཆིབས་ཀྱི་སྣ་དྲངས་ཚེ། །

བརྩེ་བའི་ཉམས་ཀྱིས་ཞལ་རས་ཕྱིར་ཕྱོགས་ཏེ། །
ཁོ་བོ་པདྨ་འོད་དུ་ཕེབས་པ་ལ། །
སྐྱེལ་ཐུང་མི་འཚལ་རང་ཡུལ་ལོག་ནས་བྱོན། །
ང་དང་ནམ་ཡང་འབྲལ་བ་མེད་ཅེས་གསུངས། །

ཐ་མའི་གསུང་གིས་སེམས་གསོའི་ཞལ་ཏ་གནང༌། །
འཇའ་འོད་ཀློང་ནས་མཁའ་ལ་དལ་གྱིས་གཤེགས། །
རྗེ་འབངས་ཉ་མོ་བྱེ་ཚན་ལྷུང་བ་ལྟར། །
མྱ་ངན་གདུང་བ་དྲག་པོས་རབ་ཏུ་གཟིར། །

དད་གུས་ཅན་གྱི་བུ་སློབ་ཤུལ་བཞག་ནས། །
སངས་རྒྱས་གཉིས་པ་པད་འབྱུང་གང་དུ་བཞུད། །
འཛམ་གླིང་རྒྱལ་པོའི་བླ་མཆོད་མི་མཛད་པར། །
བོད་འབངས་སྟོང་པར་བཞག་པ་ཅང་བདེན་ནམ། །

མགོན་ཁྱོད་མེ་ལོང་ཡེ་ཤེས་རྒྱལ་ཁབ་ཏུ། །
འཛིན་མེད་ཀུན་སྣང་གྲོགས་དང་འགྲོགས་ནས་སོང༌། །
བུ་ང་ཉོན་མོངས་ཞེ་སྡང་གཡང་ས་རུ། །
གྱི་ནར་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ། །

མགོན་ཁྱོད་མཉམ་ཉིད་ཡེ་ཤེས་རྒྱལ་ཁབ་ཏུ། །
འཁོར་འདས་གཉིས་མེད་གྲོགས་དང་འགྲོགས་ནས་སོང༌། །
བུ་ང་ཉོན་མོངས་ང་རྒྱལ་གཡང་ས་རུ། །
གྱི་ནར་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ། །

མགོན་ཁྱོད་སོར་རྟོག་ཡེ་ཤེས་རྒྱལ་ཁབ་ཏུ། །
བདེ་སྟོང་རྡོ་རྗེའི་གྲོགས་དང་འགྲོགས་ནས་སོང༌། །
བུ་ང་ཉོན་མོངས་འདོད་ཆགས་གཡང་ས་རུ། །
གྱི་ནར་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ། །

མགོན་ཁྱོད་བྱ་གྲུབ་ཡེ་ཤེས་རྒྱལ་ཁབ་ཏུ། །
དམིགས་མེད་ལྷུན་གྲུབ་གྲོགས་དང་འགྲོགས་ནས་སོང༌། །
བུ་ང་ཉོན་མོངས་ཕྲག་དོག་གཡང་ས་རུ། །
གྱི་ནར་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ། །

མགོན་ཁྱོད་ཆོས་དབྱིངས་ཡེ་ཤེས་རྒྱལ་ཁབ་ཏུ། །
རྣམ་པར་མི་རྟོག་གྲོགས་དང་འགྲོགས་ནས་སོང༌། །
བུ་ང་གཏི་མུག་ཉམ་ངའི་གཡང་ས་རུ། །
གྱི་ནར་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ། །

མགོན་ཁྱོད་ཟངས་མདོག་དཔལ་རིའི་ཕོ་བྲང་དུ། །
དཔའ་བོ་མཁའ་འགྲོའི་གྲོགས་དང་འགྲོགས་ནས་སོང༌། །
བུ་ང་སྙིགས་སྤྱོད་ཉམ་ངའི་གཡང་ས་རུ། །
གྱི་ནར་ཤུལ་དུ་བསྐྱུར་བ་ཅང་བདེན་ནམ། །

བརྟུལ་ཞུགས་གྲུབ་པའི་ཧེ་རུ་ཀ་དཔལ་ཁྱོད། །
ལང་ཀའི་ཡུལ་གྱི་མཁའ་འགྲོ་འབུམ་ཕྲག་གི །
བསོད་ནམས་སྐལ་བར་ཐོབ་ཀྱང་གདོང་དམར་འགྲོ། །
མགོན་དང་བྲལ་བའི་ལས་སྣང་སེམས་ལ་གཟན། །

འཕོ་ཆེན་ཡེ་ཤེས་རྡོ་རྗེ་གཉུག་མའི་སྲོག །
མི་ཤིགས་འོད་གསལ་དྭངས་མའི་ཐིག་ལེ་རུ། །
ཆགས་པའི་འཆི་མེད་ལང་ཚོར་གཤེགས་བཞུད་དང༌། །
འདུ་འབྲལ་སྤྲོས་པའི་མཚན་མས་དབེན་མོད་ཀྱང༌། །

ཨ་འཐས་ཞེན་པས་བཅིངས་པའི་སྐྱེ་བོའི་ངོར། །
གཤེགས་བཞུད་འདུ་འབྲལ་བདེན་པར་གྲུབ་པའི་ཕྱིར། །
རྗེ་འབངས་སྟོན་འཁོར་མཉམ་དུ་འཛོམས་སྐབས་ཀྱི། །
སྔ་ཚུལ་ལོ་རྒྱུས་བསམས་ན་སྣང་བ་སྐྱོ། །

གདོང་དམར་ཡུལ་དུ་མདོ་སྔགས་ཟུང་འཇུག་གི །
རྒྱལ་བསྟན་ཉི་མ་ཐོག་མར་སྣང་བྱས་ནས། །
སངས་རྒྱས་གཉིས་པའི་ཕྲིན་ལས་བདག་གིར་བཞེས། །
བསམ་ཞིང་བསམ་ཞིང་ཨོ་རྒྱན་བླ་མ་དྲན། །

བསམ་ཡས་ས་བཏུལ་ཆོས་ཀྱི་གནས་གཞི་བཙུགས། །
ལྷ་སྲིན་བྲན་བཀོལ་དམ་ཚིག་གཉེར་དུ་གཏད། །
གཙུག་ལག་ཁང་བཞེངས་བསྟན་པ་མཐའ་རྒྱས་མཛད། །
བསམ་ཞིང་བསམ་ཞིང་ཨོ་རྒྱན་བླ་མ་དྲན། །

མཐའ་དབུས་རི་བྲག་མཚོ་ཆུ་བྱིན་གྱིས་བརླབས། །
སྐུ་ཚབ་ཉེར་ལྔ་ཕྱི་རབས་དོན་དུ་བཞག །
ཕྱོགས་བཞི་མཚམས་བརྒྱད་སྦས་པའི་གཏེར་གྱིས་བཀང༌། །
བསམ་ཞིང་བསམ་ཞིང་ཨོ་རྒྱན་བླ་མ་དྲན། །

ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་དང༌། །
ཁྱད་པར་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ། །
བོད་དུ་དངོས་སུ་འབྱོན་པར་དབུ་སྙུང་བཞེས། །
བསམ་ཞིང་བསམ་ཞིང་ཨོ་རྒྱན་བླ་མ་དྲན། །

ཆོས་ཁྲིམས་དར་གྱི་མདུད་པ་ལྷོད་ཀྱིས་ཞིག །
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དུམ་བུར་འཐོར། །
སྙིགས་སྤྱོད་སྣ་དགུས་རྒྱལ་ཁམས་གང་དུས་འདིར། །
བསམ་ཞིང་བསམ་ཞིང་ཨོ་རྒྱན་བླ་མ་དྲན། །

རྒྱལ་བསྟན་སྣང་བའི་ཉི་མ་ནུབ་ལ་གཟིམས། །
བསྟན་འཛིན་པདྨོའི་འདབ་བརྒྱ་མུན་པས་ཟུམ། །
ལྟ་ལོག་འབྱུང་བྱའི་གད་མོ་དགོད་དུས་འདིར། །
བསམ་ཞིང་བསམ་ཞིང་ཨོ་རྒྱན་བླ་མ་དྲན། །

མུ་མེད་མཁྱེན་བརྩེ་ནུས་པའི་ཡེ་ཤེས་བྱིན། །
གང་གི་གསང་གསུམ་ཐིག་ལེར་རོ་གཅིག་ཕྱིར། །
མཁའ་མཉམ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་སུ། །
ངེས་པ་རྙེད་པའི་བློ་ཡིས་གསོལ་བ་འདེབས། །

སྐུ་གསུམ་རྒྱལ་བའི་ཕོ་བྲང་པདྨ་འོད། །
གནས་གསུམ་མཁའ་འགྲོའི་སྤྲིན་གྱི་ཚོགས་དབུས་ནས། །
བརྩེ་བའི་ཕྱི་མིག་ཆོས་ལྡན་གངས་ཅན་པར། །
རྣམ་ཀུན་གཟིགས་པའི་ཞལ་བཞེས་མ་བསྙེལ་ཅིག །

ལྗོངས་འདིའི་ཕན་དང་བདེ་བའི་པདྨོའི་ཚལ། །
ཁྱོད་བྱིན་ཉི་མའི་སྣང་བར་རག་ལས་ཕྱིར། །
ད་དུང་གང་འདུལ་མཛད་པའི་འོད་སྟོང་གིས། །
རྗེས་སུ་སྐྱོང་བའི་ཐུགས་དམ་སླར་ཡང་བསྐུལ། །

གང་འདུལ་མཚན་བརྒྱད་དང་འཕྲུལ་མཚན་ཉི་ཤུ་སོགས་དང་སྐུ་ཡི་བཀོད་པ་དང༌། །
སྣང་སྲིད་ཟིལ་གནོན་རྡོ་རྗེའི་བརྟུལ་ཞུགས་ཀྱིས། །
མི་བཟད་སྙིགས་མའི་རྒུད་པ་མཐའ་དག་ཀུན། །
དབྱིངས་སུ་གཞིལ་བའི་ཕྲིན་ལས་དུས་ལ་བབ། །

བ་སྤུ་གཡོ་བའི་མཆི་མ་མིག་ལས་རྡོལ། །
མོས་གུས་གདུང་བའི་ང་རོ་ངག་ལས་རྡོལ། །
བཟོད་མེད་དད་པའི་གདུང་ཤུགས་སེམས་ལས་རྡོལ། །
བུ་ཡིས་ཕ་ཅིག་དྲན་པས་ཚུགས་ཐབས་བྲལ། །

མཚན་དཔེའི་གཟུགས་སྐུ་ཞིང་འདི་ལས་བསྐལ་ཡང༌། །
མཁའ་ཁྱབ་ཆོས་སྐུར་ཉེ་རིང་མཚན་མ་བྲལ། །
གནས་ལུགས་དོན་གྱི་བླ་མ་པདྨ་འབྱུང༌། །
སྒྲིབ་བྲལ་དག་པའི་ཀློང་ནས་མཇལ་དུ་གསོལ། །

སྙིང་དབུས་ཀ་དག་ཆོས་སྐུའི་ཕོ་བྲང་དུ། །
རང་རིག་གཉུག་མའི་ངོ་བོ་མཚོ་སྐྱེས་རྗེ། །
གཏན་དུ་འདུ་འབྲལ་མེད་པར་གནས་པ་ཉིད། །
རང་ངོ་ཤེས་པའི་བློ་ཡིས་མཇལ་དུ་གསོལ། །

ཡོད་མེད་ཕྱོགས་འཛིན་དམིགས་གཏད་ཀུན་དང་བྲལ། །
དབྱིངས་རིག་དབྱེར་མེད་ཐིག་ལེ་ཉག་གཅིག་ཀློང༌། །
འཁོར་འདས་ཆོས་ཀུན་འུབ་ཆུབ་གནས་ལུགས་ཀྱི། །
ལྟ་བའི་ཀློང་ནས་ཁྱོད་ཞལ་མཇལ་དུ་གསོལ། །

རྩོལ་སྒྲུབ་བསལ་བཞག་བྲལ་བ་གཉུག་མའི་གཤིས། །
རང་བབ་རིག་པ་སོ་མའི་ཞལ་འཚོས་ཤིང༌། །
ངང་དྭངས་ཆུ་བོའི་རྒྱུན་ལ་ལེགས་འབྱམས་ཏེ། །
སྒོམ་པའི་ཀློང་ནས་ཁྱོད་ཞལ་མཇལ་དུ་གསོལ། །

སྤྲོས་པའི་གཟེབ་ཏུ་ཚུད་མིན་ཕྱལ་བ་ཆེ། །
ཡིད་དཔྱོད་བློ་ཡིས་རྩིས་གདབ་དང་བྲལ་བ། །
རྩལ་སྣང་རང་ཐིམ་གང་ཤར་རང་གྲོལ་གྱི། །
སྤྱོད་པའི་ཀློང་ནས་ཁྱོད་ཞལ་མཇལ་དུ་གསོལ། །

དུས་གསུམ་རྟོག་ཚོགས་ཆོས་ཟད་དབྱིངས་སུ་ཡལ། །
ཁམས་གསུམ་ཡོངས་གྲོལ་ཡེ་ཤེས་དབྱིངས་སུ་འཁྱིལ། །
སངས་རྒྱས་གཞན་ནས་མི་འཚོལ་རང་རིག་གི །
འབྲས་བུའི་ཀློང་ནས་ཁྱོད་ཞལ་མཇལ་དུ་གསོལ། །

ཡང་བལྟས་ཡང་བལྟས་རང་གི་སེམས་ལ་བལྟས། །
བལྟས་པས་མི་མཐོང་ཡེ་སྟོང་རྩ་བ་བྲལ། །
ཆོས་སྐུའི་བླ་མ་པདྨ་འབྱུང་གནས་ཀྱི། །
མ་བཅོས་རང་ཞལ་ད་ནི་མཇལ་བར་འདོད། །

ཡང་བརྟག་ཡང་བརྟག་རང་གི་སེམས་ལ་བརྟག །
བརྟགས་པས་མི་དཔོག་བློ་འདས་རིག་པའི་གདངས། །
ལོངས་སྐུའི་བླ་མ་པདྨ་འབྱུང་གནས་ཀྱི། །
མ་བཅོས་རང་ཞལ་ད་ནི་མཇལ་བར་འདོད། །

ཡང་དཔྱད་ཡང་དཔྱད་རང་གི་སེམས་ལ་དཔྱད། །
དཔྱད་པས་མི་ཟིན་ཀུན་ཁྱབ་རིག་པའི་རྩལ། །
སྤྲུལ་སྐུའི་བླ་མ་པདྨ་འབྱུང་གནས་ཀྱི། །
མ་བཅོས་རང་ཞལ་ད་ནི་མཇལ་བར་འདོད། །

ཀྱེ་མ་གཏན་གྱི་སྐྱབས་གཅིག་རིན་པོ་ཆེ། །
མོས་ལྡན་བུ་ཡི་ལུས་ངག་ཡིད་གསུམ་ལ། །
གང་གི་གསང་གསུམ་རྡོ་རྗེའི་བྱིན་ཕབ་སྟེ། །
ལྷ་སྔགས་ཆོས་ཉིད་རོལ་བར་འབྱམས་ཀླས་མཛོད། །

རང་སྣང་ཐ་མལ་འཛིན་པའི་བག་ཆགས་ཉིད། །
དག་མཉམ་ཡེ་ཤེས་ཀློང་དུ་རྒྱས་བཏབ་ནས། །
སྣང་སྲིད་གཞིར་བཞེངས་པདྨ་འོད་ཀྱི་ཞིང༌། །
ཟག་བྲལ་རྡོ་རྗེའི་མིག་ལ་སྣང་བར་མཛོད། །

འདོད་ཡོན་མ་སྤངས་རོ་སྙོམས་བརྟུལ་ཞུགས་བརྒྱ། །
ཁ་སྦྱོར་བདེ་ཆེན་གྲོགས་སུ་འདྲེན་པའི་དཔྱིད། །
དབྱིངས་ཕྱུག་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ། །
དགའ་བཞིའི་སྟོན་ཆེན་རོལ་པའི་གོ་སྐབས་སྩོལ། །

སིལ་སིལ་རུས་རྒྱན་གཡེར་ཁ་འཁྲོལ་བཞིན་དུ། །
གཉུག་སེམས་རྟོགས་པས་མྱོས་པའི་ཧཱུཾ་གླུ་དང༌། །
འཁྲུལ་རྟོག་ཐད་ཀར་གཅོད་པའི་ཕཊ་ཀྱི་སྒྲས། །
མ་ཚོགས་རིག་འཛིན་དགྱེས་སྐྱེད་ནུས་པ་སྩོལ། །

ཕྲ་རགས་ཀུན་རྟོག་གྱ་གྱུའི་འདུ་འཕྲོ་ཀུན། །
ཆོས་ཟད་རིག་པའི་དབྱིངས་སུ་ཉེར་བསྡིམས་ཏེ། །
ཟང་ཐལ་ཀློང་ཡངས་ནམ་མཁའི་ཁོར་ཡུག་ཏུ། །
རྟོག་པའི་རྩལ་ཆེན་རྫོགས་པའི་དངོས་གྲུབ་ཞུ། །

རགས་ལུས་ཡེ་ཤེས་དྭངས་མའི་མེ་ལྕེ་ཡིས། །
རྣམ་པར་བཞུས་པའི་ལང་ཚོའི་རྣམ་འགྱུར་ལས། །
འཕོས་པའི་ཟག་བྲལ་འཇའ་ལུས་རྡོ་རྗེའི་སྐུ། །
ཀུན་བཟང་པདྨའི་ངོ་བོར་འཚང་རྒྱ་མཛོད། །

དེ་ལྟར་ལྔ་བདོའི་འགྲོ་བ་བརྩེ་ཆེན་གྱིས། །
མི་འདོར་གྲུབ་པའི་སློབ་དཔོན་དྲིན་པོ་ཆེ། །
རྗེས་སུ་དྲན་པས་མ་བཟོད་སྙིང་ཁོང་ནས། །
རྩེ་གཅིག་གདུང་བས་གསོལ་བ་བཏབ་པ་ལགས། །

སྐྱེ་ཞིང་སྐྱེ་བར་མགོན་དེའི་གསང་གསུམ་གྱི། །
བྱིན་རླབས་བདུད་རྩི་སྙིང་ལ་ཉེར་སིམ་སྟེ། །
རིགས་བདག་བླ་མ་མཆོག་དང་དབྱེར་མེད་པར། །
མཁའ་ཁྱབ་འགྲོ་བ་འདྲེན་པའི་མཐུ་ཐོབ་ཤོག །
 

ཅེས་པ་འདི་ནི། གནའ་སྔ་མོ་ཞིག་ན་ཆོས་རྗེ་ཡིད་བཞིན་ནོར་བུའི་ཞབས་དྲུང་ནས་སྡེ་སྣོད་འཛིན་པའི་འདུས་པ་དུ་མའི་ཚོགས་དང་ལྷན་ཅིག་ཏུ་
སྨིན་གྲོལ་གྱི་གདམས་པ་ལ་ལོངས་སུ་སྤྱོད་ཅིང༌། དེང་སང་ནུབ་ཕྱོགས་ཨ་རིའི་ཡུལ་གྱི་མཚོ་མཐའི་གྲོང་ཁྱེར་ཞིག་ན་ཨ་འཐས་ཞེན་པའི་སྲུང་སྡོམ་
གྱི་ན་རུ་བོར་ཏེ་སྒྱུ་མའི་རྒྱལ་མོའི་རེག་བྱའི་སྟོན་མོ་ལ་དོགས་མེད་དུ་རོལ་པའི་ཆོས་ཀྱི་མཆེད་པོ་དམ་པ་ཆོས་མཛོད་ལགས་ཀྱིས། བླ་མ་ཨོ་རྒྱན་ཆེན་
པོ་ཉིད་རྗེས་སུ་དྲན་པའི་སྒོས་ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་དད་པའི་མཆི་མ་གཡོ་ནུས་པ་རྒྱུན་གྱི་ཁ་ཏོན་དུ་བགྱིད་རུང་བ་ཞིག་
ཅིས་ཀྱང་འབྲི་རོགས་ཞེས་བསྐུལ་མ་གནང་བས་རྐྱེན་བྱས་ཏེ། མཚོ་འཁྲུངས་རྒྱལ་བའི་བསྟན་ཞབས་སུ་སྐྱེས་པའི་སྙིགས་དུས་ཀྱི་ཆོས་གཟུགས་འཛིན་
པ་ཨོ་རྒྱན་ལུང་རྟོགས་བསྟན་འཛིན་རྒྱ་མཚོར་འབོད་པས་གསང་ཆེན་འོད་སྐུ་གྲུབ་པའི་དབེན་ཁྲོད་དུ་བོད་མེ་ཁྱི་ལོའི་ཟླ་༥ཚེས་༤ཏེ་རྒྱལ་ཕུར་
འཛོམས་པའི་འགྲུབ་སྦྱོར་བཟང་པོའི་ཉིན་མོས་གུས་སད་སུད་ཅིག་གིས་ལག་པ་བསྒུལ་ཏེ་སུག་བྲིས་བགྱིས་པའོ།། །།
  

所属类别: སྣ་ཚོགས་སྙན་རྩོམ་གྱི་སྐོར།

该资讯的关键词为:

页面版权© www.blh.hk      粤ICP备08008457号  技术支持: 中企动力  【后台管理登陆】