བསྟན་རྒྱས་སྨོན་ལམ།

日期:2012-04-12

ཨོཾ་སྭ་སྡི།
སྟོན་མཆོག་ཐུབ་པའི་གངས་རི་ལས་འོངས་པའི། །
མདོ་སྔགས་བཤད་དང་སྒྲུབ་བརྒྱུད་ཕྱོགས་བརྒྱའི་ཀླུང༌། །
ཆོས་དབྱིངས་རྒྱ་མཚོར་གཅིག་ཏུ་གཞོལ་བ་ཡི། །
གངས་ལྗོངས་ཐུབ་བསྟན་སྲིད་མཐར་རྒྱས་པར་ཤོག །

ལྗོངས་འདིར་དམ་ཆོས་སྣང་བ་དཀར་པོའི་སྒོ། །
འབྱེད་མཛད་མཁན་སློབ་སྤྲུལ་པའི་ལོ་པཎ་གྱི། །
རིང་ལུགས་བཀའ་གཏེར་རྣམ་གསུམ་ཡོ་གའི་བཅུད། །
གསང་ཆེན་སྔ་འགྱུར་བསྟན་པ་རྒྱས་གྱུར་ཅིག །

དཔལ་ལྡན་གྲུབ་པའི་འཁོར་སྒྱུར་མར་མི་ཡི། །
རྨད་བྱུང་དོན་བརྒྱུད་ཐབས་གྲོལ་ཟབ་མོའི་ཆོས། །
ཕྱག་ཆེན་ཆོས་དྲུག་མན་ངག་བདུད་རྩིའི་མཛོད། །
འགྲོ་མགོན་བཀའ་བརྒྱུད་བསྟན་པ་རྒྱས་གྱུར་ཅིག །

ལྷ་རིགས་འཁོན་གྱི་གདུང་རྒྱུད་གོང་མ་ལྔའི། །
ལེགས་གསུང་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི། །
རྒྱུ་ལམ་འབྲས་བུའི་རྒྱུད་ཀྱི་ཉམས་ལེན་གནད། །
དཔལ་ལྡན་ས་སྐྱའི་བསྟན་པ་རྒྱས་གྱུར་ཅིག །

བློ་བཟང་རིང་ལུགས་ཟབ་མོ་དབུ་མ་དང༌། །
རྡོ་རྗེའི་ཐེག་པ་ཟུང་འདྲེལ་ལུང་རིགས་ཀྱིས། །
ལམ་གྱི་རིམ་པར་ལེགས་དྲིལ་གདམས་པའི་སྲོལ། །
རི་བོ་དགེ་ལྡན་བསྟན་པ་རྒྱས་གྱུར་ཅིག །

འཁོར་ལོ་ཐ་མའི་དགོངས་དོན་བདེ་གཤེགས་སྙིང༌། །
གཞན་གྱིས་སྟོང་པའི་ངེས་དོན་དབུ་མའི་ལམ། །
སྦྱོར་བ་ཡན་ལག་དྲུག་དང་འདྲེལ་བའི་ལམ། །
སྒྲུབ་བརྒྱུད་ཇོ་ལུགས་བསྟན་པ་རྒྱས་གྱུར་ཅིག །

རིས་མེད་རྒྱལ་བསྟན་སྣང་བ་ཕྱོགས་ཀུན་རྒྱས། །
དེ་འཛིན་སྐྱེས་ཆེན་ཞབས་པད་སྲིད་མཐར་བརྟན། །
ཡངས་པའི་ས་ཆེན་ཞི་བདེའི་དཔལ་ལ་སྤྱོད། །
དགེ་ལེགས་སྣང་བ་རྟག་ཏུ་འབར་གྱུར་ཅིག །
 

ཅེས་པ་འདི་ནི་རྡོ་ཁ་དགོན་ངེས་དོན་ཆོས་འཁོར་གླིང་གི་མཁན་རིག་པའི་རྡོ་རྗེས་གྲྭ་བསྟན་པ་དར་རྒྱས་ལ་སྦྲན་ཏེ་བསྟན་རྒྱས་སྨོན་ལམ་
འདི་འདྲ་ཞིག་འབྲི་བར་བསྐུལ་བ་བཞིན་སྙོམ་ལས་པ་བསྟན་འཛིན་རྒྱ་མཚོས་བོད་ཤིང་བྱ་ལོའི་ཟླ་ཚེས་ལ་ལྷག་བསམ་དག་པས་རང་གི་
ཡིད་ལ་དེ་ལྟར་སྨོན་བཞིན་བྲིས་པ་དགེ། །།
 

所属类别: སྣ་ཚོགས་སྙན་རྩོམ་གྱི་སྐོར།

该资讯的关键词为:

页面版权© www.blh.hk      粤ICP备08008457号  技术支持: 中企动力  【后台管理登陆】