ཧིན་དྷུ་རྒྱ་མཚོའི་རླབས་འོག་ཏུ་མི་མང་པོའི་ཚེ་སྲོག་ཤོར་བ་བརྙན་འཕྲིན་ལས་མཐོང་སྐབས་བྲིས་པ།

日期:2012-04-12

རྣམ་པར་འགོངས་སོ་བདག་གི་ནི། །
གཟུགས་དང་སྒྲ་འཛིན་དབང་པོ་ཡིས། །
མཐོང་དང་ཐོས་པའི་སྣང་ཚུལ་འདི། །
བདེན་ན་བསམ་པའི་ཡུལ་ལས་སོ། །

རིམ་པ་བརྒྱད་ལྷག་འགུལ་ཤུགས་ཀྱིས། །
ས་ཆེན་བསྐྱོད་ཅིང་འདར་བ་ལས། །
ཧིན་དྷུ་རྒྱ་མཚོའི་ཁ་ལུད་དེ། །
འཇིགས་རུང་རླབས་ཕྲེང་དགུང་དུ་འཕྱོ། །

ཨ་ཙི་ད་ནངས་ཉམས་དགའི་གནས། །
གཡུ་ཡི་རྩྭ་ལྗང་གསིང་མ་ལ། །
ཁང་བཟང་ཕྲེང་བར་བསྟར་བ་ཡི། །
མཚོ་མཐའི་ཉི་འོད་དྲོ་ལ་འཇམ། །

དངུལ་མདོག་བྱེ་མ་བརྡལ་བའི་འགྲམ། །
ན་ཆུང་ཕོ་མོ་ཁྲུས་ལ་རོལ། །
བྱིས་པ་རྩེད་འཇོའི་ལས་ཀྱིས་བྲེལ། །
དགའ་བའི་དགོད་སྒྲ་ལྷང་ལྷང་འབྱིན། །

གློ་བུར་མི་རྟག་འཕྲལ་གྱི་རྐྱེན། །
བྱུང་བ་ཅི་འདྲའི་མྱུར་ལུགས་ལ། །
སྲོག་མེད་བེམ་པོ་གཅལ་བཀྲམས་པའི། །
དུར་ཁྲོད་འདི་ཀོ་གང་ལས་བྱུང༌། །

ཤི་མིག་གསོན་གྱི་སྣང་བར་ནི། །
འཁྲིས་ཀྱང་མཐར་བྱེད་ཉི་མའི་བུའི། །
འདའ་དཀའི་བཀའ་རྒྱ་འདྲལ་བ་ལ། །
ཚན་རིག་མཚོན་རྩེ་རྣམ་པར་རྡུགས། །

ཕ་མ་དྭ་ཕྲུག་ལ་འཕྲེང་ཞིང༌། །
བུ་རྒྱུད་ཕ་མ་ལ་ཆགས་བཞིན། །
སོ་སོར་ཕྲལ་ནས་གཤིན་ཐང་དུ། །
དབང་མེད་ཁྲིད་པའི་ཚུལ་འདིས་སྐྱོ། །

མྱ་ངན་གདོང་ལས་མཆི་མ་བཞུར། །
བྲང་རྡུང་ཆོ་ངེ་འདོན་པ་ཡི། །
སྐྱེ་བོ་མང་པོའི་རྣམ་འགྱུར་དག །
བརྙན་འཕྲིན་ངོས་ལས་གསལ་བོར་མཐོང༌། །

དེང་དུས་སྒོ་གཅིག་གསར་འགྱུར་ལས། །
མཐོང་བའི་ཕྱོགས་རེའི་གནས་ཚུལ་དག །
སྒྱུ་ཡིས་རྨོངས་པའི་འཕྲུལ་ཐབས་ཏེ། །
ཡིད་རྟོན་བྲལ་བར་འཁུམས་མོད་ཀྱང༌། །

འདི་ནི་ཤུལ་ལུས་གཉེན་འདུན་གྱི། །
ཤ་དང་རུས་པའི་ཁོང་གཏིང་ནས། །
ཉེར་ཐོན་སྙིང་གི་གདུང་བ་ཡི། །
མྱ་ངན་ངུད་མོར་ཅི་ལ་ཚོམ། །

ཀྱེ་མའོ་འདི་ཅི་རང་བྱུང་ཁམས། །
ཁྱོད་ཀྱི་འབུམ་ཕྲག་ཕྱེད་གསུམ་གྱི། །
འགྲོ་བ་མི་ཡི་གཅེས་པའི་སྲོག །
ཡུད་ཙམ་གཅིག་ལ་ཁྱུར་མིད་བྱས། །

འབྱུང་བ་ཆེན་པོའི་གཡོ་འཁྲུགས་ལས། །
བསྐྱེད་པ་སྣོད་ཀྱི་གོད་ཆག་གི །
འཇིགས་ཆེན་གཡུལ་གྱི་འདུན་ས་ན། །
རྣམ་ཤེས་ཕྲ་མོ་ཉམ་རེ་ཆུང༌། །

ས་རྡོ་ཞིག་རོའི་གྲམ་ཐང་དང༌། །
འདབ་ལོ་རྙིད་པའི་ཏཱ་ལའི་ལྗོན། །
གྲུ་གཟིངས་འཐོར་བའི་དུམ་བུ་སོགས། །
གང་ལ་བལྟས་ཀྱང་སྐྱོ་སྣང་འཕེལ། །

འཛམ་གླིང་ཕྱོགས་ཀྱི་སྐྱེ་རྒུ་ཡིས། །
གདུང་སེམས་མཉམ་སྐྱེས་མཚོན་པའི་སླད། །
ཕན་འདོགས་ཕྱག་ཡངས་རྐྱོང་བ་འདི། །
ཡི་ག་གསོ་བའི་རྟེན་ལགས་ཀྱང༌། །

ཤི་ནས་འཇིག་རྟེན་ཕ་རོལ་ཏུ། །
དམ་པའི་ཆོས་མིན་གང་གིས་ཀྱང༌། །
མི་བསྟོངས་ལས་ཀྱི་རྗེས་འབྲང་བས། །
འདི་དག་འགྲོ་བ་ཅི་འདྲར་འགྱུར། །

དགོངས་ཤིག་ཚད་མེད་ཐུགས་རྗེའི་གཏེར། །
སྟོན་དང་སྐྱོབ་དང་འདྲེན་པ་ཡི། །
བླ་མེད་འཇིགས་པ་སེལ་བའི་མགོན། །
སྐྱབས་ཀྱི་མཆོག་གསུམ་རམ་ཟླར་སྦྲོན། །

མི་ཡི་ཡུལ་ལ་གདུང་ན་ཡང༌། །
མི་ལུས་རང་ལ་མ་དབང་བར། །
མི་རྟག་འཆི་བའི་ལམ་ཉུལ་ཏེ། །
མི་འདོད་བར་དོར་འཁྱམས་པ་དག །

མྱུར་བར་འཇིགས་པ་ལས་གྲོལ་ཏེ། །
རབ་དགེའི་སྣང་བ་དཀར་པོའི་འཛུམ། །
མངོན་མཐོང་རྣམ་གྲོལ་ཐར་བའི་ངོགས། །
ཆོས་སྐུའི་གཏན་སྲིད་ཟིན་གྱུར་ཅིག །


 

 ཅེས་པ་འདི་ནི༢༠༠༤ལོའི་ཟླ་༡༢ཚེས་༢༦ཉིན་ཧིན་དྷུ་ཉི་ཞི་ཡའི་སོའུ་མིན་ཏཱ་ལ་རུ་རིམ་པ་བརྒྱད་བརྒལ་བའི་ས་འགུལ་བྱུང་རྐྱེན་གྱིས་མི་གྲངས་འབུམ་ཕྲག་ཕྱེད་གསུམ་ལས་བརྒལ་བ་རྐྱེན་ལམ་དུ་གྱུར་པའི་གནས་ཚུལ་ཤེས་སྐབས་སྙིང་རྗེའི་བློ་སད་སུད་ཅིག་གིས་བསྐུལ་ནས་བྲིས་པའོ། །
 

 

所属类别: སྣ་ཚོགས་སྙན་རྩོམ་གྱི་སྐོར།

该资讯的关键词为:

页面版权© www.blh.hk      粤ICP备08008457号  技术支持: 中企动力  【后台管理登陆】