དྲན་གདུང་ལྷོ་སྤྲིན་གསེབ་ནས། །བརྩེ་དུང་ཁ་བའི་འདབ་མ། །སྐྱོ་ཤས་མཚོ་ལ་བབས་ཏེ། །ངེས་འབྱུང་ཆབ་ཏུ་འཁྱིལ་སོང༌། །
སྙིང་པོ་དམ་པའི་ཆོས་ལ། །སེམས་པའི་ཕྱེད་ཀ་འདྲེས་པས། །རེ་བའི་འཛུམ་དཀར་ངོགས་ནས། །ཐར་བའི་ལམ་སྣེ་མཐོང་སོང༌། །
སྐྱེ་དུས་གཅིག་པུར་སྐྱེས་ཤིང༌། །འཆི་དུས་གཅིག་པུར་འཆི་བས། །ཁེར་རྐྱང་རྣམ་ཤེས་འཁྱམས་པོར། །མཛའ་བའི་གྲོགས་ཀྱིས་ཅི་བྱ། །
མཐོང་ཡང་ཟིན་རྒྱུ་མེད་པ། །བྱེ་མའི་ཐང་གི་སྨིག་རྒྱུ། །མྱོང་ཡང་ཐོབ་རྒྱུ་མེད་པ། །འཇིག་རྟེན་འཁོར་བའི་བརྩེ་དུང༌། །
མིག་ཆུ་ཙིར་ཙིར་གཏོང་ཡང༌། །སྙིང་ནས་བཞུར་བ་མིན་ན། །གསང་གཏམ་ཤུབ་ཤུབ་བཤད་ཀྱང༌། །སེམས་ལས་རྡོལ་མིན་སུས་ཤེས། །
གཞོན་ཆུང་གསར་བུའི་བློ་སྣ། །བུང་བས་སྦྲང་རྩི་འཚོལ་འདྲ། །མེ་ཏོག་གཅིག་ལ་རྩེ་ཞིང༌། །སླར་ཡང་གཞན་ལ་འཕུར་འགྲོ། །
འཁོར་བར་སྙིང་པོ་འཚོལ་བ། །ནམ་མཁའི་འཇའ་ཚོན་དེད་འདྲ། །ཅི་ཙམ་ཕར་ལ་བདས་པ། །དེ་ཙམ་ཕྱིར་ལ་བཀྱེད་འགྲོ། །
མེ་ཏོག་འདབ་མ་རྒྱས་དུས། །གསེར་སྦྲང་ལང་ཚོ་མ་སྨིན། །གསེར་སྦྲང་ལང་ཚོ་སྨིན་དུས། །མེ་ཏོག་ལྷ་ལ་ཕུལ་ཟིན། །
སེམས་དང་སེམས་པ་འདྲེས་ཀྱང༌། །གཅིག་ཏུ་འགྱུར་ཐབས་མི་འདུག །ཐུགས་དང་ཡིད་གཉིས་འདྲེས་ན། །གཏན་དུ་འདུ་འབྲལ་མེད་དོ། །
|