ནུབ་རིའི་ལ་ཁའི་རྩེ་ནས། །ཟླ་བས་ཕྱི་མིག་བལྟས་བྱུང༌། །ཐོ་རེངས་ཤར་གྱི་སྐར་ཆེན། །སྐྱུར་འདོད་མེད་པ་ལོས་ཡིན། །
སེམས་པའི་དུང་ཤོག་ངོས་སུ། །བརྩེ་བའི་ཡིག་ཆུང་བྲིས་ཡོད། །ཇོ་ཇོ་རབ་ཏུ་བྱུང་ཉིན། །ཡིག་འབྲུ་བསུབ་རྒྱུ་མ་བརྗེད། །
འཕྲད་པའི་སྙིང་གི་བདེ་བ། །མཁའ་ལ་རྒྱུག་པའི་སྐར་མདའ། །འབྲལ་བའི་སེམས་ཀྱི་སྡུག་བསྔལ། །ནམ་ཟླ་སྟོན་ཁའི་མཚན་མོ། །
བརྩེ་བའི་སེམས་ཀྱི་ཡིག་ཆུང༌། །རྨི་ལམ་ནང་ནས་འབྱོར་བྱུང༌། །འདུ་འབྲལ་སྒྱུ་མའི་འཕྲིན་ལན། །ནམ་མཁའི་ལྷ་མོར་བསྐུར་ཡོད། །
མ་ཤི་དམྱལ་བའི་སྡུག་བསྔལ། །མྱོང་འདོད་ཁྱོད་ལ་མེད་ན། །འདྲིས་དང་མ་འདྲིས་མཚམས་ནས། །བརྩེ་བའི་འབྲེལ་ཐག་གཅོད་དགོས། །
སྐྱོ་ཤས་ཡད་ཡུད་ཅིག་གིས། །ལོ་ཆུང་སེམས་རྩ་བསྒུལ་ཡང༌། །སྙིང་ནས་ངེས་འབྱུང་མེད་ན། །སྐྲ་ལོ་གཅོད་སྔ་མ་བྱེད། །
མ་ཀིའི་རྒྱ་གྲོང་ནང་ན། །ལྟད་མོ་མི་མཐོང་དགུ་མཐོང༌། །ལྟད་མོ་སེམས་ལ་ལྟ་ན། །ཡ་ཀིའི་རི་ཁྲོད་འགྲིམས་དགོས། །
འགྲོ་རོགས་གྲིབ་མ་ནག་རིལ། །ཁྱོད་ལ་ཐུགས་འདོད་ཡོད་ན། །མི་མེད་དབེན་པའི་རི་ལ། །འུ་གཉིས་མཉམ་དུ་ཆས་ཆོག །
དབུ་སྐྱེས་ལྕང་ལོ་སིལ་མ། །ཐུགས་ལ་ཕངས་པ་མེད་ན། །སོར་གསུམ་གཙུག་སྐྲའི་ཟར་བུ། །མཁན་སློབ་ཕྱག་ཏུ་ཕུལ་ཐོང༌། །
ང་ལ་ཐུགས་ཁྲལ་མི་དགོས། །ཁྱེད་རང་ཆོས་ལ་ཕེབས་དང༌། །འབྲལ་དཀའི་གདུང་བའི་མིག་ཆུ། །མི་བཞུར་ཁོང་དུ་མིད་ཆོག །
ང་དང་ནམ་མཁའི་ཟླ་བ། །གནམ་ས་གཉིས་ཀྱི་གཞུང་ན། །གྲོགས་མེད་གཅིག་པུར་རྒྱུ་ཡང༌། །སེམས་ཁྲལ་མེད་པས་སྐྱིད་སོང༌། །
|