|
༡ སྤྲིན་པ་ལོང་ལོང་གསེབ་ནས། ། མོག་མོག་ཟླ་བ་མཐོང་ཚེ། ། ཡིད་མཁའི་ངོས་སུ་བསྒོམ་པའི། ། བླ་མའི་ཞལ་རས་དྲན་བྱུང༌། །
༢ མཛེས་སྡུག་ཧ་ལོའི་མེ་ཏོག ། དབྱར་ཁའི་སྤང་ནས་མ་བཞད། ། མི་སེམས་ལྡུམ་རའི་ནང་ནས། ། སྐྱོ་འཛུམ་འདབ་བརྒྱ་གྲོལ་སོང༌། །
༣ ལས་དབང་སྐྱི་སེར་རླུང་བུ། ། གར་གཡུགས་ས་ཡི་ཕྱོགས་ལ། ། སྐྱིད་སྡུག་ལ་ཁའི་དར་ལྕོག ། དབང་མེད་ལྷབ་ལྷུབ་བསྐྱོད་འགྲོ། །
༤ གཏད་སོ་མེད་པའི་མི་ཚེ། ། བར་སྣང་བྱ་སྤུ་རླུང་ཁྱེར། ། རླུང་ལ་སེམས་པ་ཡོད་ན། ། ཕར་བསྐྱོད་ཚུར་བསྐྱོད་མ་གནང༌། །
༥ ཨག་སྐད་ཙིར་ཙིར་འབྱིན་བཞིན། ། མི་ཡུལ་འདི་རུ་འོངས་ཤིང༌། ། དབུགས་རྒོད་བརྩེགས་མ་འཕེན་བཞིན། ། འདི་ནས་གཞན་དུ་ཆས་འགྲོ། །
༦ མི་ཚེའི་ལམ་བུའི་ནང་ནས། ། རྙེད་པ་འཇའ་ཡི་རྐང་རྗེས། ། བཟུང་བས་ཟིན་པ་མེད་འདིས། ། འཁོར་བའི་ཆོས་ཉིད་རྟོགས་བྱུང༌། །
༧ ལྗང་སྔོན་ཤིང་ལོའི་རྩེ་ཡི། ། ཡིད་འོང་སྤུ་སྡུག་འཇོལ་མོ། ། གཅིག་པུར་ལུས་པའི་བྱེའུ་ཆུང༌། ། ང་ལ་སྐྱོ་རོགས་གནོངས་དང༌། །
༨ གྲང་རླུང་ཤུར་ཤུར་ལྡང་བའི། ། སྐྱོ་མོའི་འཇིག་རྟེན་འདི་ནས། ། སྙན་ངག་ཚིག་གསུམ་གྱེར་ཡང༌། ། སྐྱི་སེར་རླུང་སྒྲས་ཁྱེར་སོང༌། །
༩ བསིལ་ཟེར་ཟླ་འོད་འོག་གི ། ལྷུང་ལྷུང་ཆུ་ཕྲན་འགྲམ་ནས། ། འདས་སོང་ལོ་ཟླའི་སྣང་བརྙན། ། སེམས་ལ་ཝ་ལེར་འཁོར་བྱུང༌། །
༡༠ ལབ་ཙེ་ཞིག་རོའི་རྩེ་ལ། ། རླུང་རྟའི་དར་ཞིག་བཙུགས་ཡོད། ། དར་སྣེ་རླུང་པོས་བསྐྱོད་སྐབས། ། ཉམ་ཆུང་ལས་དབང་དྲན་སོང༌། །
༡༡ ཁུ་བྱུག་ལྷོ་ནས་སླེབས་བྱུང༌། ། ཁྲུང་ཁྲུང་བྱང་ནས་ལོག་བྱུང༌། ། གཤིན་ཡུལ་འགྲིམས་པའི་མ་མ། ། གཏན་དུ་ཕེབས་རྒྱུ་མ་བྱུང༌། །
༡༢ དྲན་པའི་སེམས་ཀྱི་ཆུ་ཕྲན། ། ཡིད་ཀྱི་གཏིང་དུ་སྦས་ཀྱང༌། ། མ་བཅོས་སེམས་ཀྱི་ཟུར་ནས། ། ད་ལོ་སླར་ཡང་རྡོལ་བྱུང༌། །
༡༣ སྤྲིན་པ་ཡར་འགྲོ་ཞིག་ལ། ། བུ་ཡིས་འཕྲིན་ཞིག་བསྐུར་ཡོད། ། དྲན་པའི་ཆར་དང་འགྲོགས་ནས། ། ཕྱོགས་དེར་བབས་པ་ཨེ་བྱུང༌། །
༡༤ སེམས་པ་མི་སྐྱོ་དགུ་སྐྱོ། ། གློག་བརྙན་ནང་ནས་སྐྱོ་སོང༌། ། ཤི་གསོན་བར་གྱི་སྐད་ཆས། ། ཨ་ཇོའི་སེམས་པ་སྐྱོ་སོང༌། །
༡༥ ལས་འཕྲོའི་སེམས་ཀྱི་མདུད་པ། ། གཤིན་རྗེའི་ཕྱག་ཏུ་གཏད་ཡོད། ། ཚེ་རྟིང་མཉམ་འཛོམས་ཆོག་པའི། ། བཀའ་ཁྲོལ་གནང་མིན་སུས་ཤེས། །
༡༦ སྐྲ་ལོ་རླུང་གིས་ཁུར་སོང༌། ། རུས་པ་ས་ལ་ཐིམས་སོང༌། ། རྣམ་ཤེས་སྦྲང་བུ་འཁྱམས་པོ། ། གར་སོང་མི་ཤེས་སྐྱོ་བ། །
༡༧ ཤི་བྲལ་བྱུང་བའི་གྲོགས་དེ། ། དགུང་གི་ཉི་མ་ཡིན་ན། ། དེ་རིང་ནུབ་ལ་གཟིམས་ཀྱང༌། ། སང་ཉིན་ཤར་ནས་ཤར་འོང༌། །
༡༨ སེམས་པ་གསོ་བའི་གླུ་ཆུང༌། ། རི་བོའི་འགྲམ་ནས་བཏང་བས། ། རྫ་རིའི་འོག་གི་ཆུ་མོས། ། སྐྱོ་བའི་སྨྲེ་སྔགས་བཏོན་བྱུང༌། །
༡༩ ན་གཞོན་ལང་ཚོའི་ལྗོན་པ། ། ཆུ་བོའི་ཕར་ཁར་སྐྱེས་ཀྱང༌། ། དུང་སེམས་ཤིང་རྩེའི་བྱེའུ་ཆུང༌། ། གཙང་པོའི་ཚུར་ཁར་འཕུར་འོང༌། །
༢༠ ལྷོ་བྱང་རི་རྩེའི་སྐར་ཆུང༌། ། གནམ་གྱི་ཕ་མཐའ་ཚུར་མཐའ། ། དགུ་ཚིགས་སྐྱ་མོའི་ཞགས་པས། ། མཐོངས་སྔོན་དབྱིངས་ནས་སྦྲེལ་བྱུང༌། །
༢༡ ནམ་མཁའི་རྒྱུ་སྐར་ཁྲ་མོ། ། མི་བརྟན་སང་འགྱུར་གནང་འགྱུར། ། ང་ཡི་སྐར་མ་དཔའ་བརྟན། ། ཅི་འདྲའི་བརྟན་ཚུགས་ཆེ་བ། །
༢༢ ཁ་བ་མར་མར་བབས་བྱུང༌། ། འདབ་ལོ་གཅིག་འཐོར་གཉིས་འཐོར། ། སེམས་ཀྱི་གངས་ལྷ་མེ་ཏོག ། གཏན་དུ་ཡལ་རྒྱུ་མ་བྱུང༌། །
༢༣ སྤྲིན་པ་ནུབ་ལ་བསྐྱོད་སོང༌། ། ཆུ་བོ་ཤར་ལ་བཞུར་སོང༌། ། ང་དང་གངས་དཀར་རི་བོ། ། མ་འགྱུར་རང་སར་གནས་ཡོད། །
༢༤ སེམས་པའི་ལམ་ཕྲན་སྟེང་གི ། མགྲོན་པོ་རྒྱང་དུ་བཞུད་སོང༌། ། ཡིད་སྐྱོའི་སྨུག་ལོང་ཁྲོད་ནས། ། ང་ཡིས་སྐྱེལ་མ་ཞུས་ཡོད། །
༢༥ ནུབ་རིའི་ལ་ཁའི་རྩེ་ནས། ། ཟླ་བས་ཕྱི་མིག་བལྟས་བྱུང༌། ། ཐོ་རེངས་ཤར་གྱི་སྐར་ཆེན། ། སྐྱུར་འདོད་མེད་པ་ལོས་ཡིན། །
༢༦ གཉིད་ཀྱི་ཞིང་དུ་སྐྱེས་པའི། ། མེ་ཏོག་བཏུ་བར་ཆས་སྐབས། ། གྲང་རླུང་སེར་བུ་སྐྱ་མོས། ། ང་ཡི་རྨི་ལམ་དཀྲོགས་སོང༌། །
༢༧ དྲན་པའི་མེ་ལོང་ངོས་སུ། ། འགྲོ་ཁའི་མིག་ཆུ་ཤར་དུས། ། འདུ་འབྲལ་འཁོར་བའི་ཆོས་ཉིད། ། ཡང་ཡང་ཡིད་ལ་འཁོར་སོང༌། །
༢༨ སེམས་པ་ཤོར་བའི་རྗེས་སུ། ། དྲན་ཤེས་ར་མདར་སྦྲན་པས། ། འཁོར་འདས་གཉིས་ཀྱི་མཚམས་ནས། ། རང་སེམས་ནོམ་ལ་ལོན་བྱུང༌། །
༢༩ རྫ་རི་མཐོན་པོ་འདི་ནས། ། སྙན་མོའི་གཞས་ཤིག་གོ་བྱུང༌། ། ང་རང་ཁ་རོག་བསྡད་པས། ། བྲག་ཆས་ཨ་ལན་སྤྲད་སོང༌། །
༣༠ སེམས་པ་མི་ལ་མ་བྱིན། ། ནམ་མཁའི་ལྷ་ལ་བྱིན་ཡོད། ། ཨ་ཅེ་མེ་ཏོག་མཚོ་མོ། ། ང་ལ་བཀའ་བཀྱོན་མ་གནང༌། །
༣༡ ང་ནི་གསེར་ལོ་མེ་ཏོག ། ཁྱོད་ནི་གཡུ་ལོ་ལྗོན་པ། ། ལྡུམ་ར་གཅིག་ཏུ་འཛོམས་ཀྱང༌། ། འགྲོགས་པའི་དུས་ཚོད་མི་འོང༌། །
༣༢ འབྲལ་ཁའི་སེམས་ཀྱི་སྤྲིང་ཡིག ། ཆུ་བོའི་གཞུང་ལ་བསྐུར་ཡོད། ། གཙང་པོར་རྣམ་ཤེས་ལྡན་ན། ། མཐའ་མེད་རྒྱ་མཚོར་སྐྱེལ་རོགས། །
༣༣ སེམས་པ་ཕར་བརྩེ་ཚུར་དུང༌། ། གསོན་བྲལ་བྱེད་འདོད་མེད་ཀྱང༌། ། འཆི་བདག་བདུད་པོ་སླེབས་དུས། ། མི་འབྲལ་རང་དབང་ཡོད་དམ། །
༣༤ བརྩེ་བའི་སེམས་ཀྱི་ཡིག་ཆུང༌། ། རྨི་ལམ་ནང་ནས་འབྱོར་བྱུང༌། ། འདུ་འབྲལ་སྒྱུ་མའི་འཕྲིན་ལན། ། ནམ་མཁའི་ལྷ་མོར་བསྐུར་ཡོད། །
༣༥ ཁྱོད་ལ་རྒས་རྒྱུ་མེད་ཅིང༌། ། ང་ལ་འཆི་རྒྱུ་མེད་ན། ། སེམས་པ་རྒྱང་དུ་འཕུར་ནས། ། ཐར་ལམ་འཚོལ་དོན་མི་འདུག །
༣༦ མ་ཤི་དམྱལ་བའི་སྡུག་བསྔལ། ། མྱོང་འདོད་ཁྱོད་ལ་མེད་ན། ། འདྲིས་དང་མ་འདྲིས་མཚམས་ནས། ། བརྩེ་བའི་འབྲེལ་ཐག་གཅོད་དགོས། །
༣༧ དུང་སེམས་དར་གྱི་མདུད་པ། ། ཞེ་མཐུན་སོར་རྩེས་མ་བརྒྱུ། ། ལས་འཕྲོའི་མདུད་པ་ཐེབས་ན། ། འབྲལ་བའི་སྡུག་བསྔལ་ཆེ་འོང༌། །
༣༨ འཕྲད་པའི་སྙིང་གི་བདེ་བ། ། མཁའ་ལ་རྒྱུགས་པའི་སྐར་མདའ། ། འབྲལ་བའི་སེམས་ཀྱི་སྡུག་བསྔལ། ། ནམ་ཟླ་སྟོན་མཚན་རིང་མོ། །
༣༩ དུང་སེམས་ཕབ་ཀྱིས་བསྙལ་བའི། ། འཛུམ་དཀར་རྒུན་ཆང་མངར་མོ། ། ཞིམ་ཡང་བཟི་ཁ་བཙན་པས། ། ཨ་ཇོས་ཆུན་ས་མ་རེད། །
༤༠ ན་ཆུང་ཐུགས་ལ་མཛའ་བའི། ། རྗེས་ཆགས་སེམས་ཀྱི་མེ་ཏོག ། རྨི་ལམ་ནང་ནས་ལུས་སོང༌། ། བུ་མོ་དགོངས་པ་མ་ཚོམས། །
༤༡ མེ་ཏོག་འདབ་མ་རྒྱས་དུས། ། གསེར་སྦྲང་ལང་ཚོ་མ་སྨིན། ། གསེར་སྦྲང་ལང་ཚོ་སྨིན་དུས། ། མེ་ཏོག་ལྷ་ལ་ཕུལ་ཟིན། །
༤༢ སྟོད་ཀྱི་ཤྭ་བ་ཕོ་ཆེན། ། སྨད་ཀྱི་ཡུ་མོ་སྨུག་ཆུང༌། ། གཙང་པོ་གཅིག་ལ་འཐུང་ཡང༌། ། ལྷན་འཛོམས་ལས་ཀྱིས་མ་བསྐོས། །
༤༣ སེམས་པའི་དུང་ཤོག་ངོས་སུ། ། བརྩེ་བའི་ཡིག་ཆུང་བྲིས་ཡོད། ། ཇོ་ཇོ་རབ་ཏུ་བྱུང་ཉིན། ། ཡིག་འབྲུ་བསུབ་རྒྱུ་མ་བརྗེད། །
༤༤ རྒྱ་ཕིབས་སེར་པོའི་འོག་གི ། ཐུན་གསུམ་རྨི་ལམ་དམར་པོ། ། ཐོ་རེངས་སྐྱ་མདའི་ངོགས་ནས། ། མི་མངོན་དབྱིངས་སུ་དྲངས་སོང༌། །
༤༥ མ་ཀིའི་རྒྱ་གྲོང་ནང་ན། ། ལྟད་མོ་མི་མཐོང་དགུ་མཐོང༌། ། ལྟད་མོ་སེམས་ལ་ལྟ་ན། ། ཡ་ཀིའི་རི་ཁྲོད་འགྲིམ་དགོས། །
༤༦ འགྲོ་རོགས་གྲིབ་མ་ནག་རིལ། ། ཁྱོད་ལ་ཐུགས་འདོད་ཡོད་ན། ། མི་མེད་དབེན་པའི་རི་ལ། ། འུ་གཉིས་མཉམ་དུ་ཆས་ཆོག །
༤༧ དབུ་སྐྱེས་ལྕང་ལོ་སིལ་མ། ། ཐུགས་ལ་ཕངས་པ་མེད་ན། ། སོར་གསུམ་གཙུག་སྐྲའི་ཟར་བུ། ། མཁན་སློབ་ཕྱག་ཏུ་ཕུལ་ཐོང༌། །
༤༨ ང་ལ་ཐུགས་ཁྲལ་མི་དགོས། ། ཁྱེད་རང་ཆོས་ལ་ཕེབས་དང༌། ། འབྲལ་དཀའི་གདུང་བའི་མིག་ཆུ། ། མི་བཞུར་ཁོང་དུ་མིད་ཆོག །
༤༩ སྐྲ་དཀར་གཉེར་མའི་འོག་ནས། ། ཕ་མ་དགོངས་པ་མ་ཚོམས། ། བུ་ངས་ས་མཐའ་འདི་ནས། ། ཚེ་མཇུག་ཆོས་ལ་སྐྱེལ་གཏོང༌། །
༥༠ ང་དང་ནམ་མཁའི་ཟླ་བ། ། གནམ་ས་གཉིས་ཀྱི་གཞུང་ན། ། གྲོགས་མེད་གཅིག་པུར་རྒྱུ་ཡང༌། ། སེམས་ཁྲལ་མེད་པས་སྐྱིད་སོང༌། །
༥༡ སྐྱེ་དུས་གཅིག་པུར་སྐྱེས་ཤིང༌། ། འཆི་དུས་གཅིག་པུར་འཆི་བས། ། ཁེར་རྐྱང་རྣམ་ཤེས་འཁྱམས་པོར། ། མཛའ་བའི་གྲོགས་ཀྱིས་ཅི་བྱ། །
༥༢ མཐོང་ཡང་ཟིན་རྒྱུ་མེད་པ། ། བྱེ་མའི་ཐང་གི་སྨིག་རྒྱུ། ། མྱོང་ཡང་སྙིང་པོ་མེད་པ། ། འཇིག་རྟེན་འཁོར་བའི་བརྩེ་དུང༌། །
༥༣ སད་དཀར་མདའ་ཡིས་ཐེབས་པའི། ། སྟོན་མཇུག་ལོ་མ་སེར་པོ། ། ལྕང་མའི་རྩེ་ནས་འཕུར་ཏེ། ། གཞོན་པའི་སེམས་ལ་ལྷུང་སོང༌། །
༥༤ ལོ་ཆུང་སེམས་པའི་འགྱུར་ལྡོག ། ནམ་ཟླ་དཔྱིད་ཁའི་གནམ་ངོ༌། ། ཚིག་གསུམ་དམ་བཅའི་རི་མོ། ། གོམ་གསུམ་བར་ནས་ཡལ་འགྲོ། །
༥༥ བརྩེ་དུང་སེར་བའི་རིལ་བུ། ། རྟག་འཛིན་འཆིང་བར་བཅངས་ཀྱང༌། ། ཕྱི་ཐག་དྲོད་ཀྱིས་རེག་ཚེ། ། ཅང་མེད་ཆུ་རུ་འགྱུར་འགྲོ། །
༥༦ འཇའ་ཚོན་སྤང་ལ་མ་ཤར། ། བུ་མོའི་ཁ་ལ་ཤར་སོང༌། ། འཇའ་མདངས་ཁ་དོག་ལེགས་པས། ། ལོ་ཆུང་སེམས་པ་བསླུ་འོང༌། །
༥༧ ལམ་དེ་ཕར་འཁྱོག་ཚུར་འཁྱོགས། ། འཚོ་བའི་བགྲོད་ལམ་འདྲ་བ། ། ཆུ་དེ་ཕར་གུག་ཚུར་གུག ། འཁྱོག་པོའི་མི་སེམས་འདྲ་བ། །
༥༨ གཞོན་ཆུང་གསར་བུའི་བློ་སྣ། ། བུང་བས་སྦྲང་རྩི་འཚོལ་འདྲ། ། མེ་ཏོག་གཅིག་ལ་བརྩེ་ཞིང༌། ། སླར་ཡང་གཞན་ལ་འཕུར་འགྲོ། །
༥༩ མིག་ཆུ་ཙིར་ཙིར་གཏོང་ཡང༌། ། སྙིང་ནས་བཞུར་བ་མིན་ན། ། གསང་གཏམ་ཤུབ་ཤུབ་བཤད་ཀྱང༌། ། སེམས་ལས་རྡོལ་མིན་སུས་ཤེས། །
༦༠ ཡལ་རྒྱུ་མེད་པའི་འཛུམ་མདངས། ། གཏན་དུ་ཞེ་ལ་བཀོད་ཀྱང༌། ། ངམ་གནག་བཞིན་གྱི་ཁྲོ་གཉེར། ། ཟླ་གསུམ་གོང་ནས་མཐོང་འོང༌། །
༦༡ ན་ནིང་ལུས་སེམས་འདྲེས་ནས། ། ལྷ་སའི་ཕྱོགས་སུ་ཕྱིན་ཡང༌། ། ད་ལོ་ཆ་མིན་ཡ་མིན། ། ཟི་ལིང་བརྒྱུད་ནས་སླེབས་བྱུང༌། །
༦༢ ན་གཞོན་ལང་ཚོའི་མཛེས་སྡུག ། དབྱར་ཁའི་སྤང་གི་མེ་ཏོག ། ད་ལྟ་བཀྲག་དར་འཛོམས་ཀྱང༌། ། མི་རིང་དུས་ཀྱིས་རྙིང་འགྲོ། །
༦༣ སོ་དཀར་འཛུམ་པའི་མདངས་དང༌། ། ལྷན་ཅིག་དགོད་པའི་ཟུར་མིག ། མི་སྡུག་གཉེར་མའི་ཁྲོད་ནས། ། གར་སོང་ཆ་མེད་གྱུར་སོང༌། །
༦༤ ཁ་སང་ལྡེམ་ལྡེམ་རྒྱུ་བའི། ། ན་ཆུང་སྙིང་ལ་རྗེ་བོ། ། དེ་རིང་དུར་ཁྲོད་དབུས་ན། ། རྒོད་པོའི་གཟན་དུ་གྱུར་འདུག །
༦༥ འཁོར་བར་སྙིང་པོ་འཚོལ་བ། ། ནམ་མཁའི་འཇའ་ཚོན་དེད་འདྲ། ། ཅི་ཙམ་ཕར་ལ་བདས་པ། ། དེ་ཙམ་ཕྱིར་ལ་བཀྱེད་འགྲོ། །
༦༦ དྭངས་བསིལ་ཆུ་བོའི་ངོགས་ནས། ། མི་སྡོད་ལོ་ཟླས་རྙིང་བའི། ། རང་གི་བཞིན་རས་མཐོང་བས། ། ཕུགས་འདུན་ལྷ་ཆོས་དྲན་བྱུང༌། །
༦༧ དྲན་གདུང་ལྷོ་སྤྲིན་གསེབ་ནས། ། བརྩེ་དུང་ཁ་བའི་འདབ་མ། ། སྐྱོ་ཤས་མཚོ་ལ་བབས་ཏེ། ། ངེས་འབྱུང་ཆབ་ཏུ་འཁྱིལ་སོང༌། །
༦༨ སྐྱོ་ལ་དུངས་པའི་མི་ཡུལ། ། འཆི་ཁའི་མིག་ལ་སྣང་སྐབས། ། ཨ་ནུའི་སེམས་ཀྱི་སྐྱོ་གྲོགས། ། ལྷ་ཆོས་མིན་པ་མི་འདུག །
༦༩ སྙིང་པོ་དམ་པའི་ཆོས་ལ། ། སེམས་པའི་ཕྱེད་ཀ་འདྲེས་པས། ། རེ་བའི་འཛུམ་དཀར་ངོགས་ནས། ། ཐར་བའི་ལམ་སྣེ་མཐོང་སོང༌། །
༧༠ སེམས་དང་སེམས་པ་འདྲེས་ཀྱང༌། ། གཅིག་ཏུ་འགྱུར་ཐབས་མི་འདུག ། ཐུགས་དང་ཡིད་གཉིས་འདྲེས་ན། ། གཏན་དུ་འདུ་འབྲལ་མེད་དོ། ། |