|
རྐང་བཞི་ཕྱུགས་ཀྱི་རྨིག་རྗེས་ཤུལ་ནས་གདོད་མའི་འཚོ་བའི་ལམ་བུ་རྙེད། ། སེར་བུའི་གཙུབས་པའི་དཔྲལ་གཉེར་ངོགས་ནས་ཐོད་པའི་ཨ་ཡིག་རི་མོ་མཐོང༌། ། སེར་ཀར་སོང་པའི་ལག་མཐིལ་ངོས་ནས་བདེ་སྡུག་ལས་དབང་གསང་བ་བརྟོལ། ། འདས་སོང་ལོ་རྒྱུས་མཚར་བོའི་ཁྲོད་ནས་ཐོབ་ཤོར་རྣམ་གྲངས་མཛུབ་རྩིས་བྱེད། །
རེ་སྨུག་སྦྲ་མཐའ་རླུང་གིས་བསྐྱོད་ཅིང་མ་ལོའི་དབུ་སྐྱེས་ཐལ་བས་གཡོགས། ། སྲིང་ཆུང་ལང་ཚོའི་དུས་ཀྱི་མེ་ཏོག་གནག་ཕྱུགས་ལྕི་འདམ་ཁྲོད་ནས་རྙིང༌། ། སྣང་མེད་གསར་བུའི་བུབས་བཅིངས་སྐ་རགས་དཔྱི་ལས་ཐལ་ཏེ་སྒྱིད་པར་ལྷུང༌། ། ཀྱེ་མ་ང་ཡི་ཕ་ཡུལ་བསམ་ཞིང་འཁྱམས་པོའི་སེམས་ཁམས་ཟུག་རྔུས་གདུང༌། །
ཤེལ་དཀར་ས་འཛིན་བསྟར་བའི་ཞིང་ནས་གངས་སྐྱེས་མ་མའི་མིག་ཆུ་ཡིས། ། རིགས་ཞེན་སྙིང་གི་མཚོ་མོ་བསྐྱོམས་ཤིང་ལྷིང་འཇགས་ཚོར་འདུ་ཉེར་དཀྲོགས་ཏེ། ། རེ་སྒུག་ལོ་ཟླ་བརྩེགས་མའི་ཁྲོད་ནས་མ་འོངས་བསིལ་ལྡན་ཡིད་ཡུལ་དུ། ། ཏིང་འཛིན་པིར་གྱིས་འབྲི་བའི་བསམ་ཡོད་ཉིན་དུས་རྒྱུ་སྐར་གྲལ་ལ་སྙེགས། །
རང་སྐད་གཙང་མ་སྨྲ་བའི་རོ་འཛིན་རྩིག་ངོས་རི་མོའི་རྒྱ་རུ་སོན། ། གཞན་སྐད་ལད་ཟློས་ལྕེ་རྩེས་མི་འཁྱོལ་བཞད་གད་མཁན་གྱི་གྲལ་མགོ་ནོན། ། གཉིས་མིན་སྐད་ཡིག་པི་ཤ་ཙཱི་ནིས་དབྱངས་གསལ་སོ་བཞིའི་ང་རོ་དེ། ། དུས་ཀྱི་དབྱངས་རྟའི་ཁྲོད་ནས་སྐྲོད་པར་བྱེད་པའི་ཆེད་དུ་སྦྲན་པ་བཞིན། །
གཞན་ནོར་འཇབ་བུས་བླངས་པ་ལས་ཐོབ་ཟང་ཟིང་གཟན་རྒུའི་སྙིང་པོ་སྐྱེས། ། མྱོས་བྱེད་ཉིང་ཁུས་ར་རོར་གྱུར་ཏེ་གཅན་གཟན་རྨས་མའི་ཚུལ་འཛིན་ཀྱང༌། ། ཉེན་རྟོག་ལས་འཛིན་མཐོང་དང་ཐོས་པས་ཁ་ལག་སྙིང་གསུམ་འདར་བའི་ཉམས། ། སྐྱི་སེར་རླུང་གིས་དྲག་ཏུ་བསྐྱོད་པའི་ཙཱུ་ཏའི་ཤིང་ལ་ལན་བརྒྱར་འཁོན། །
ཤོ་དང་རྒྱན་པོས་ཕ་ཁྱིམ་གྲུ་བཞི་དོང་སྤྲུགས་བྱས་པའི་སྡུག་ཡུས་དེ། ། ཉམ་ཆུང་སྒོ་ཕྱུགས་ཐོད་དུ་ཕབ་སྟེ་ཤ་ཁྲག་དྲོན་མོ་ཟོང་ལ་བརྗེས། ། འབྱོར་བས་དྲེགས་པའི་རྣམ་འགྱུར་ངོམ་སླད་མྱུར་བགྲོད་འཕྲུལ་རྟ་ལ་ཞོན་ཏེ། ། ཡ་མ་ཟུང་གི་སྒྱུ་རྩལ་ངོམ་བཞིན་རང་སྲོག་གཤིན་ཐང་སྐྱ་མོར་སྐྱེལ། །
ཀྱེ་མ་གདོད་མའི་སྡེ་འདིའི་ལས་དབང་གནམ་གྱི་རྒྱལ་མོར་བཅོལ་བྱས་ཏེ། ། རྨེ་རྒྱལ་ལྷ་རིའི་མདུན་དུ་འགྲེངས་ནས་ལྷ་བསང་དཀར་པོའི་དུད་སྣེ་རུ། ། གཡོ་མེད་མིག་ཟུང་རི་མོར་བྲིས་ཤིང་གསང་མཐོན་ཀི་སྒྲ་རིང་མོའི་རྗེས། ། ཁྲི་ཕྲག་རླུང་རྟ་མཁའ་ལ་གཏོར་བའི་ཡ་མཚན་ལྟད་མོར་རྒྱང་ལྟ་བྱེད། །
ཆུ་སྦྲུལ་ཟླ་ཚེས་ལ། ཕ་ཡུལ་ནས། |