|
ཀ་ཆུ་རྨེ་ཆུ་བཞུར་བའི་ས་ཕྱོགས་ནས། ། ཁ་སང་ཕྱི་དྲོར་འབར་ཁམས་གྲོང་དུ་འབྱོར། ། ག་ས་ག་ལ་འཁྱམས་སྐྱོད་བྱེད་འདོད་མེད། ། ང་རང་ད་ནི་མྱུར་བར་སྒར་དུ་འགྲོ། །
ཅ་ལག་ཉེར་མཁོ་ཉོ་དགོས་ཆེར་མེད་ཀྱང༌། ། ཆ་ཡོད་གྲོགས་པོ་འགའ་དང་ལྷན་ཅིག་ཏུ། ། ཇ་ཁང་ཞིག་ཏུ་ཁ་ཟས་འཚོལ་བའི་ཕྱིར། ། ཉ་རེ་ཉོར་རེར་འགྲོ་བའི་ལམ་བར་ནས། །
ཏ་ལེན་ལག་ཏུ་ཐོགས་པའི་གྲྭ་པ་འགས། ། ཐ་ཆད་མནའ་དང་ཁྲེལ་ལ་མི་འཛེམ་པར། ། ད་ལྟ་ད་ལྟར་སྒོར་མོ་གནང་རོགས་ཞེས། ། ན་རཀ་སྤྱོད་པས་ཀླན་ཀ་འཚོལ་བ་མཐོང༌། །
པར་པིར་སྐད་ཀྱིས་ཁ་ཏོན་འདོན་ཁུལ་གྱིས། ། ཕ་རོལ་རྒྱ་བོད་འདུས་པའི་སྲང་ལམ་དུ། ། བ་ལིང་གླུད་ཟས་ལེན་པའི་ལྟོགས་འགོང་བཞིན། ། མ་བསྐུལ་མཐེ་བོང་བསྒྲེངས་ནས་ཞུ་བ་འཐེན། །
ཙ་ཙིག་ཟུར་སྐར་ཙམ་གྱིས་ཡིད་མི་མགུ། ། ཚ་ལམ་ཙམ་རེར་མི་གཏོང་རྗེས་སུ་འདེད། ། ཛ་དྲག་ཆེ་དུས་རྐང་པར་འཐམ་གྲབས་དང༌། ། ཝ་དང་ཝེ་ཞེས་རྒྱ་སྐད་རྒྱག་ཁུལ་བྱེད། །
ཞ་ཞོར་ལམ་འགྲོ་སྐུ་མགྲོན་ན་ཆུང་ཚོར། ། ཟ་མ་ཟ་རུ་མི་འཇུག་སུན་པ་སྐྱེད། ། འ་མ་འོལ་ལ་གོས་ཀྱི་འདབས་ཁ་ནས། ། ཡ་མེད་ཨུ་ཚུགས་བྱས་ནས་ནན་གྱིས་འཐེན། །
ར་རོར་གྱུར་ནས་དྲན་པ་སྟོར་བ་བཞིན། ། ལ་ལུང་ཀུན་ཏུ་ཁྲེལ་འདས་བྱ་སྤྱོད་ཀྱིས། ། ཤ་དང་ཁྲག་གི་ལུས་རྟེན་ཆུད་གཟན་ན། ། ས་སྟེང་འདི་རུ་འཚོ་བའི་དོན་སྒོ་ཅི། །
ཧ་ཅང་གཞན་སྐྱོན་རྟོག་པ་མི་འོས་ཀྱང༌། ། ཨ་ཁུའི་ལར་རྒྱ་མིག་ལྟོས་ལ་བསམ་ནས། ། མ་བཅོས་སེམས་ཀྱི་འཆར་སྒོ་ཇི་ལྟ་བར། ། མི་འདོད་བཞིན་དུ་ཡི་གེའི་ལམ་དུ་སྤེལ། །
ཆུ་རྟ་ཟླ་༦ཚེས་༧ལ། འབར་ཁམས་ནས། |