|
ཡིད་འོང་དབེན་པའི་རི་ངོགས་བྱང་ཆུབ་ཀྱི་དགོན་པར། ། མཚར་སྡུག་ཡིད་འཛིན་བུ་མོའི་དུང་སེམས་ཀྱི་མེ་ཏོག ། ཁྲེལ་ལྡན་གཞུང་བཟང་བུ་ཡི་སྙིང་ག་རུ་བཞད་པས། ། ཅི་ཞིག་ལྟར་ན་བརྩེ་དུང་འདབ་བརྒྱ་དེ་གྲོལ་སོང༌། །
རིགས་གཟུགས་ལང་ཚོ་གནམ་སའི་བར་ཐག་གིས་བཅད་ཀྱང༌། ། མཉེས་གཤིན་སེམས་ཀྱི་འདུན་མ་གཞི་གཅིག་ལ་འབྲེལ་བའི། ། མི་ཡུལ་རྣམ་ཤེས་ཟུང་གི་སྐྱིད་སྡུག་གི་ལས་བསྐོས། ། སེམས་ཆུང་ཤུགས་རིང་འབྱིན་པའི་རྒྱུ་རྐྱེན་དུ་གྱུར་འདུག །
སྡུག་སྣང་སྐྱིད་དུ་ཚོར་བའི་འདོད་གདུང་གི་བཟི་ཁ། ། རྗེས་ཆགས་དྲོད་ཁོལ་འབར་བའི་ལང་ཚོ་རུ་སིམ་སྟེ། ། མངར་སྐྱུར་བྲོ་བ་འདྲེས་པའི་འཇིག་རྟེན་གྱི་འཚོ་བ། ། གཞོན་ཆུང་མི་ཚེའི་སྙིང་གི་བདུད་རྩི་རུ་ཐོབ་ཀྱང༌། །
མ་བཅོས་སྙིང་གི་གསང་གཏམ་ཟུར་མིག་ལ་འཁྱུད་ཅིང༌། ། ལུས་སེམས་འོ་ཆུ་འདྲེས་པའི་ཉམས་དགའ་ཡི་སྣང་ཤས། ། དབང་ཆེན་དཔོན་པོའི་སེམས་ཀྱི་ཚེར་མ་རུ་མཐོང་ནས། ། མཐའ་མེད་ཆག་སྒོ་འབོད་པའི་གཡབ་མོ་རུ་གྱུར་སོང༌། །
འབྲལ་དཀའི་གདུང་བ་དྲག་པོ་སྙིང་ཁ་རུ་ཟུག་པས། ། སེམས་ཀྱི་རྨ་ཁ་གསར་བར་ན་ཚ་ཞིག་བསླངས་ཏེ། ། དབང་མེད་བཙན་གྱིས་དེད་པའི་གྱེས་བྲལ་གྱི་གདུང་བ། ། ཉམ་ཆུང་ཚེ་སྲོག་འཕྲོག་པའི་གཤེད་མ་རུ་ཆས་སོ། །
བཏབ་པའི་བྲོ་ཚིག་བོར་བའི་བརྡ་འཕྲིན་དེ་འབྱོར་བས། ། རེ་ཐག་བྲལ་བའི་སེམས་པ་ངེས་འབྱུང་ལ་ཕྱོགས་ཏེ། ། མགོ་སྐྱེས་ལྕང་ལོ་བྲེགས་པའི་གཙུག་ཕུད་ཀྱི་ཟར་བུ། ། ཡིད་གཅུགས་བུ་མོའི་སེམས་ཀྱི་དྲན་རྟེན་དུ་བསྐུར་སོང༌། །
ཆར་ཞོད་ཆེ་བའི་མཚན་མོའི་སྨག་རུམ་གྱི་ཁྲོད་ནས། ། མཛའ་བོའི་མིང་ནས་འབོད་ཅིང་གདུང་ཡུས་ཀྱིས་མནར་བཞིན།། འགྱེལ་མ་ལང་གི་གོམ་སྟབས་དབེན་རི་ལ་བསྒྱུར་ཡང༌། ། དཀའ་ཐུབ་བརྟུལ་ཞུགས་བླངས་པའི་སྙིང་གྲོགས་དེ་མ་མཐོང༌། །
ན་ཆུང་སེམས་ཀྱི་མེ་ཏོག་མི་ཡུལ་ནས་བྲལ་ཁར། ། བརྩེ་གདུང་མཆི་མ་འཁྱིལ་བའི་ཤི་མིག་གི་འོད་ཞགས། ། རྒྱང་རིང་འཇིག་རྟེན་ཕྱི་མའི་ཞིང་ཁམས་སུ་གཏད་ནས། ། ཚེ་རྟིང་མཉམ་འཛོམས་འོང་བའི་ལས་འཕྲོ་ཞིག་བསྐྱུར་ཡོད། །
མལ་གྱི་ཐ་མར་མནལ་བའི་ཉམ་ཆུང་གི་བུ་མོས། ། ཤི་གསོན་བར་དུ་སྤྲིངས་པའི་དུང་སེམས་ཀྱི་ཡིག་ཆུང༌། ། ཕྱི་ཐག་རིང་བའི་གྲོགས་ཀྱི་སྤྱན་ལམ་དུ་འབྱོར་ཚེ། ། དྲན་གདུང་སྤུ་གྲིས་སྙིང་ག་འགས་སྙམ་ཞིག་ལོས་བྱེད། །
བག་གྲང་ལས་ཀྱི་རླུང་དམར་དྲག་པོ་ཡིས་བདས་པའི། ། སྐྱོ་མོའི་སྣང་བ་ཡད་ཡུད་ཕྱད་ཕྱོད་ཀྱི་ངོགས་ནས། ། ཤི་གསོན་ངོ་འཕྲད་བྱུང་བའི་དགའ་སྐྱོ་ཡི་མིག་ཆུ། ། བར་དོའི་འཇིག་རྟེན་ཁམས་ཀྱི་རི་ཀླུང་དུ་བབས་སོ། །
མི་ལོ་བརྒྱ་སྟོང་དུ་མའི་བར་ཐག་གིས་བསྐལ་ཡང༌། ། འགྲོགས་པའི་ལས་སྐལ་སྒུག་པའི་བརྩེ་དུང་གི་སྐྱོ་གར། ། སྐྱེ་ཤིའི་ཕྲེང་བ་བརྒྱུད་པའི་ལམ་ཕྲན་གྱི་ངོགས་ནས། ། ད་དུང་ཕྱི་མིག་བགྲད་ནས་ཐེངས་གཅིག་ལ་ལྟ་ངེས། །
༡༩༩༥ལོའི་ཟླ་༡༢ཚེས་༡༣ལ། |