|
དུང་སེམས་བདུད་རྩིའི་ཟིལ་བ་ཆགས་པའི། ། གངས་དཀར་མེ་ཏོག་འདབ་མའི་ངོགས་ནས། ། ལང་ཚོའི་མྱུ་གུ་དལ་གྱིས་འབུས་པ། ། བུ་གཅིག་མཚོ་བྱུང་འཛུམ་པའི་མེ་ཏོག །
ལྷོ་ཕྱོགས་རྒྱ་མཚོའི་རླབས་ཀྱི་ངོགས་སུ། ། ལས་ཀྱི་རླུང་གི་རྗེས་སུ་བསྐྱོད་དེ། ། ངག་རིག་མགྲིན་པའི་རྫ་རྔ་རྡུང་བཞིན། ། བག་ཡངས་ངང་ནས་ལྟད་མོར་རྒྱུ་འོ། །
ལྗང་མདོག་ཏཱ་ལའི་ནགས་ཚལ་རྒྱས་པའི། ། གཡུ་ཡི་འཇིག་རྟེན་ཞིང་གི་དུམ་བུ། ། མཛེས་སྡུག་གླིང་ཕྲན་གྲུ་ཟུར་ཞིག་ནས། ། སྔོ་བསངས་ཡངས་པའི་ཆུ་གཏེར་མཐོང་བྱུང༌། །
གནམ་སྔོན་ཞུན་མ་དབྱིག་འཛིན་ལྟོ་བར། ། འཁྱིལ་བ་འདྲ་ཞེས་སྙན་ངག་རྒྱན་གྱིས། ། རབ་བཏགས་མིན་པའི་མཐིང་མདོག་རྒྱ་མཚོ། ། ཀྱེ་མ་འདི་ན་དངོས་སུ་སྣང་ངོ༌། །
ལྷ་ཡུལ་ལྷ་ཡི་རྗེས་ཆགས་འདྲེན་བྱེད། ། ཟུམ་པ་མེད་པར་སྟོང་ཕྲག་བགྲང་བྱའི། ། དུས་ཀྱི་ཁྱུད་མོར་གཡོ་མེད་གཏད་པའི། ། ཡིད་ཀྱི་རྒྱ་མཚོ་ཁྱོད་རང་ཡིན་ནམ། །
མི་ཡུལ་ཚེ་སྲོག་ཐོག་མའི་འབྱུང་ཁུངས། ། གདོད་མའི་རྒྱ་མཚོར་གྲགས་པའི་མཚན་སྙན། ། ཚན་རིག་མཁན་པོས་རབ་བཏགས་མིན་ན། ། བདག་ཀྱང་ཁྱོད་ཀྱི་བུ་རྒྱུད་མིན་ནམ། །
ཡཱ་ལོང་ཝན་གྱི་བྱེ་མའི་སྟེང་དུ། ། རྐང་རྗེས་གསར་བའི་རི་མོ་ཕབ་སྟེ། ། འབྲོས་དེད་ཚུལ་གྱིས་རླབས་དང་བརྩེས་ནས། ། དང་མའི་སེམས་ཀྱི་བྲོ་བ་མྱང་འདོད། །
ལྕིད་ཀྱིས་ནོན་པའི་རླབས་སྒྲ་རེ་རེ། ། རྣ་ལམ་བརྟོལ་ནས་ཡིད་ལ་ལྷུང་སྟེ། ། ཚིག་གིས་མི་མཚོན་འབྱུང་བའི་རང་གདངས། ། དེ་རིང་འདི་ན་ཅི་དགར་མྱོང་སྣང༌། །
རླབས་ཀྱི་ཟེགས་མ་དལ་གྱིས་ལེན་པའི། ། ཐེན་ཡཱ་ཧྭེ་ཅོའི་གོར་མའི་འགྲམ་ནས། ། མཚོ་མཐའ་མཁའ་ལ་འདྲེས་པའི་མཚམས་སུ། ། མ་བཅོས་སེམས་ཀྱི་གསང་བ་འཚོལ་སྐད། །
ཁ་ན་རླབས་ཕྲེང་གྱ་གྱུར་རྩེ་ཡང༌། ། གཏིང་ན་ལྷོད་ཀྱིས་ལྟེམ་མེར་ཆགས་པ། ། རང་བྱུང་འབྱུང་བའི་གནས་ལུགས་འདི་ཡིས། ། ནང་ཚུལ་གཤིས་ཀྱི་དེ་ཉིད་མཚོན་ནོ། །
མཐོ་བ་གངས་དཀར་སྟོད་ཀྱི་ནམ་མཁའ། ། དམའ་བ་ས་གཞིའི་འདབས་ཀྱི་རྒྱ་མཚོ། ། ཡུལ་གྱིས་བསྐལ་ཡང་ངོ་བོའི་སྒོ་ནས། ། སོ་སོར་འབྱེད་པའི་སྤུ་རིས་མ་དམིགས། །
ལྟ་བའི་མིག་གི་རྒྱང་ཐག་ཆད་ཅིང༌། ། དྲན་པའི་སེམས་ཀྱི་དཔྱང་ཐག་ཆད་མོད། ། ཁྱོད་ལས་ཐོབ་པའི་ནང་གི་ཚོར་བ། ། སྐྱོ་བ་སངས་བའི་ཡིད་ཀྱི་བདུད་རྩི། །
འཇུར་བུའི་བློ་ཡིས་གུད་དུ་མ་བཅད། ། གུ་ཡངས་ངང་དུ་ཕྱམ་གྱིས་གློད་སྐབས། ། འཁོས་ཆུང་མི་ཚེའི་སེམས་ཀྱི་གསང་བ། ། མཐའ་མེད་རྒྱ་མཚོ་ཁྱོད་ལ་ཤོར་སོང༌། །
ཁྲི་གདུགས་ཉི་མས་ཕྱི་མིག་བལྟས་ཏེ། ། རྒྱང་རིང་ནུབ་ཁའི་དམར་འོད་ངོགས་ནས། ། མཇུག་མཐའི་དྲོད་ཁོལ་སྙིང་ལ་སྦྱིན་པ། ། ཐག་རིང་མགྲོན་པོའི་སེམས་གསོ་ལོས་ཡིན། །
ལ་འུར་དྭངས་ཤེལ་པར་ཆས་ཐོགས་ཏེ། ། ང་དང་རྒྱ་མཚོའི་རླབས་ཀྱི་གཟུགས་བརྙན། ། རིན་ཆེན་བྱེ་མ་བརྡལ་བའི་འགྲམ་ནས། ། རྒྱང་བཞུད་དྲན་པའི་རྟེན་དུ་འཇོག་འདོད། །
དཀར་གསལ་ཟླ་བ་མཁའ་ལ་ཤར་སོང༌། ། ཟླ་འོད་འོག་གི་རྒྱ་མཚོའི་བསིལ་ངད། ། ས་མཐའི་འཁྱམ་པོའི་སེམས་ཁོང་དབུས་སུ། ། སིབ་སིབ་ཐིམས་པའི་ཚོར་བ་བརྗེད་དཀའ། །
ཤར་ཕྱོགས་མཁའ་མཐའི་མཚམས་སྤྲིན་བར་ནས། ། སང་ཉིན་ཞོགས་པའི་ཉི་རྩེའི་འོད་ཟེར། ། གཡོར་གྲུའི་བ་དན་རྩེ་ལ་འཁྱུད་དུས། ། གྱེས་ཁའི་མིག་གིས་ཁྱོད་ལ་ལྟ་དགོས། །
གྲྭ་རྐྱང་ང་ནི་བར་སྣང་རླུང་པོ། ། གནས་གཅིག་དག་ཏུ་སྡོད་པ་མེད་པར། ། ཕྱོགས་ཀྱི་ཐ་གྲུ་ལྗོངས་ནས་ལྗོངས་སུ། ། རྒྱུ་ཞིང་འགྲོ་བ་རང་གི་ངང་ཚུལ། །
བྲེལ་བའི་ལོ་ཟླས་རྒྱང་དུ་བསྐྱུར་ཏེ། ། རྒྱལ་ཁམས་ཉུལ་བའི་ལྡོམ་བུའི་རྐང་རྗེས། ། ལྷོ་ཕྱོགས་མཚོ་ཁའི་བྱེ་མར་བཀོད་འདི། ། ཐ་མ་མིན་པའི་ཁ་ཚོན་སུས་ཆོད། །
ཚུལ་དེ་བསམ་ཞིང་ལྗོངས་རྒྱུའི་མྱོང་བྱང༌། ། མི་བརྗེད་སྙིང་གི་དྲན་པའི་རྟེན་དུ། ། རྟོག་འགྱུའི་སྣང་ཤས་རྨྱུ་གུའི་རྩེ་རུ། ། འགོག་པ་མེད་པར་ཐོལ་གྱིས་བབས་སོང༌། །
ཧྭེ་ནན་གླིང་ཕྲན་གྱི་སན་ཡཱའི་མཚོ་འགྲམ་ནས་༢༠༠༢ལོའི་ཟླ་ཚེས་ལ། |