|
འཁྱུག་པའི་གཟུགས་ཀྱིས་གྱ་གྱུར་འབབ་པའི་དྭངས་བསིལ་ཀླུང་ཕྲན་ཉལ་འགྲོ་མ། ། ལྷུང་ལྷུང་གླུ་སྒྲ་འཇེབས་པར་སྒྲོག་བཞིན་སྒེག་པའི་འགྲོས་ཀྱིས་ངལ་མེད་དུ། ། ཕྲ་མོའི་རླབས་ཀྱི་གདེངས་ཀའི་རྩེ་ནས་ལྦུ་བ་དཀར་པོའི་དོག་པ་དང༌། ། ཆུ་རྡུལ་ཟེགས་མ་སྡུག་གུར་འགྲེམས་ཏེ་ཐག་རིང་ཡུལ་ཁམས་གང་དུ་བཞུད། །
སྲིད་པ་ཆགས་པའི་དུས་ནས་བྱུང་མིན་ལྐོག་གྱུར་གཞལ་བྱའི་ཡུལ་གྱུར་མོད། ། རིང་མོ་ཞིག་ནས་ཟླུམ་གཟུགས་གོ་ལར་ཁྱོད་ཀྱི་ཕྱག་རྗེས་ཕབ་པའི་རིས། ། མཉེན་པའི་ཤུགས་ཀྱིས་ཉེ་རེག་ཆོ་གས་རྣོ་རྩུབ་མཁྲེགས་པའི་གོར་མའི་གཟུགས། ། རེག་འཇམ་ནོར་བུའི་དབྱིབས་སུ་བསྒྱུར་བའི་མཚན་མ་ཉིད་ལས་གསལ་བར་མཐོང༌། །
ཆུ་རིས་གཡོ་བའི་བླ་འོག་གོ་མཚམས་བསྣོལ་མར་དཀྲིགས་པའི་ཕྱག་རྒྱ་ཡིས། ། གསེར་མདོག་ཉི་ཟེར་རྒྱན་དུ་བླངས་ཏེ་འོད་ཀྱི་རླབས་རིས་ཤིག་ཤིག་གཡོ། ། ཚ་བས་གདུངས་པའི་རྔུལ་ཆུའི་ཟིལ་བ་ཆུ་བུར་རྣམ་པར་རྡོལ་བའི་ཚེ། ། སྤྲིན་སྔོན་ཁ་ཆུའི་ཟེགས་མ་ལ་འཁྲེན་བདུད་རྩིའི་ལྷ་ཆར་དུས་སུ་འཐུང༌། །
དཔྱིད་གསུམ་རྩ་ལྗང་མྱུ་གུ་མཐོང་བས་ལང་ཚོ་གསར་བའི་རྫུ་བག་ངོམ། ། དབྱར་གསུམ་མེ་ཏོག་གཟུགས་བརྙན་འཛིན་ཅིང་ རྩི་ཐོག་བསུང་ཞིམ་ཟས་སུ་བསྟེན། ། སྟོན་གསུམ་སེར་བུས་སྣང་མེད་ཁྱེར་བའི་འདབ་ལོ་སེར་པོ་རྒུམ་ལ་བྲེལ། ། དགུན་གསུམ་གྲང་རེག་ངད་ཀྱིས་སྦྲེབས་པས་ཁ་བ་གོས་སུ་གྱོན་ཏེ་གཟིམས། །
ཕུ་ཆུ་འབབ་པའི་འཕྱོར་ཉམས་མེད་ཅིང་ཀླུང་ཆེན་རྒྱུགས་པའི་རྔམ་ཟིལ་བྲལ། ། མངོན་ཆུང་ངང་ནས་རང་ལམ་སྙེགས་ཀྱང་བདག་ཡིད་དབང་མེད་འཕྲོག་པའི་རྐྱེན། ། ཆུ་མགོ་སྲིད་པའི་གངས་ལས་བྱུང་ཕྱིར་རི་རྒྱལ་དཀར་པོར་དུང་སེམས་ཆེ། ། ཆུ་རྔ་གདོད་མའི་རྒྱ་མཚོར་འབབ་ཕྱིར་ཕུགས་བསམ་མཐའ་རྒྱ་ཆེ་བས་སོ། །
གང་ན་སྤྱི་མཐུན་ལས་དབང་རྒྱལ་མོས་བསྐོས་བཞག་བཀའ་ཡིག་ཕྱག་རྒྱ་ཡིས། ། ཉེ་བར་བཏབ་པའི་དུས་བཞིའི་འགྱུར་ལྡོག་རེས་ཀྱིས་འགྱུར་བའི་སོ་མཚམས་ནས། ། འཁྱག་རོམ་སྦུབས་སུ་སྨྲེ་སྔགས་འདོན་བཞིན་དྲོ་སྐྱིད་དཔྱིད་ཀྱི་ནམ་ཟླ་ལ། ། རེ་སྒུག་རྨི་ལམ་ཡིད་ལ་ཉལ་བས་ཐུགས་ཡུས་ཆེ་བ་ཤིན་ཏུ་བདེན། །
ལྷག་པར་ན་མཉམ་གཙང་ཕྲན་ལ་ལ་གཞུང་ངན་དཔོན་གྱི་བཙན་པོའི་བཀས། ། ཡུར་དུ་དྲངས་ཏེ་ཧུབ་ཀྱིས་རོལ་བས་གྲོག་སྐམ་ཙམ་ཞིག་ལྷག་མར་བྱས། ། འགའ་ཞིག་ཁྲིམས་ཀྱི་ར་བར་བཙུད་དེ་མི་ཆོས་རིང་ལུགས་ལས་འགོངས་པའི། ། རྩུབ་མོའི་ཆད་པས་མནར་ཚུལ་བསམས་ཚེ་ཁོ་བོ་ཁྱོད་ལ་སེམས་ཁྲལ་ཆེ། །
ཁྱོད་ཀྱིས་ང་ལ་ལྷ་ཆབ་བསྩལ་པས་ང་ཡི་སྐོམ་པའི་གདུང་བ་བསལ། ། ང་ཡིས་ཁྱོད་ལ་སྙན་ངག་ཕུལ་བས་ཁྱོད་ཀྱི་ཐུགས་ལ་སྤྲོ་སྣང་བྱིན། ། སྔར་འདྲིས་མེད་ཀྱང་རང་བཞིན་ཤུགས་ཀྱིས་མཛའ་གཅུགས་ཞགས་པས་སྦྲེལ་བ་འདི། ། སྣོད་བཅུད་མཐུན་པའི་རོལ་རྩེད་ལགས་ཏེ་རྟེན་འབྱུང་སྒྱུ་མའི་ཆ་ཤས་ཙམ། །
ཀྭ་ཡེ་སྙིང་གི་གཙང་ཆབ་ལྷ་མོ་ཁྱོད་ལ་དུང་སེམས་བདོག་སྲིད་ན། ། སོར་རྩེས་བཟུང་བའི་མེ་ཏོག་ཕོན་འདི་རླབས་ཀྱི་ཕྱག་རྒྱས་རབ་བཞེས་ལ། ། ཁྲི་ཕྲག་རི་ཀླུང་དཀའ་བས་འགྲིམས་མཐར་བདག་གི་སེམས་ཀྱི་གསང་བ་དེ། ། མ་ཡུམ་རྒྱ་མཚོའི་དྲུང་དུ་སྐྱོལ་ལ་གངས་རིའི་སྐྱིད་སྡུག་སྙན་དུ་སྒྲོན། །
ཤིང་སྤྲེལ་ཟླ་༨ཚེས་༡༡ལ་གསེར་ལྗོངས་རྫ་ཆེན་གྱི་ཆུ་ཕྲན་ཞིག་གི་འགྲམ་ནས། |