|
སྔོ་བསངས་ལྷ་ལམ་བཻ་ཌཱུར་མདངས་ཀྱིས་མཛེས། ། དཀར་གསལ་ཟླ་བས་དུང་གི་འོད་དཀར་སྤྲོ། ། ལྗོན་ཤིང་ཡལ་ག་འབྲས་བུའི་ཁུར་ལྡན་པའི། ། ནམ་ཟླ་སྟོན་གྱི་རྒྱལ་མོ་དེ་རིང་མཐོང༌། །
འོན་ཀྱང་བཀྲག་དར་དབྱར་གསུམ་ལང་ཚོའི་དཔལ། ། ལྷ་ཡུལ་ས་ལ་འཕོས་འདྲའི་དུས་སྟོན་དེ། ། ཡུད་ཀྱིས་འདས་ཚུལ་བསམ་ཚེ་བདག་གི་སེམས། ། འདུ་འབྲལ་སྣང་ཤས་ཁྲོད་ན་ལྷག་པར་སྐྱོ། །
ཆུ་སྐྱེས་སྐྲ་ལོ་སད་དཀར་རེག་པས་ཟིན། ། གཡུ་མདོག་རྩྭ་ལྗང་གྲང་རེག་ནད་ཀྱིས་ཐེབས། ། ལྕུག་ཕྲན་འདབ་ལོ་སྟོན་སེར་ངད་ཀྱིས་རྙིང༌། ། སྨན་སྤོས་བསུང་ཞིམ་ལྷགས་པས་སྣང་མེད་འགམས། །
ལྷ་གླང་དམར་པོའི་སྣ་ཞགས་དུམ་བུར་ཆད། ། ལུག་རུ་སེར་པོའི་རྭ་ཅོ་འཕྲེད་དུ་ཉལ། ། ཁྱུང་ལྡེར་སྨུག་པོའི་སྤར་མོ་གདེངས་པའི་ཁ། ། རྩི་ལྗོན་སྐྱེ་སྟོབས་ཟ་ལ་རྔམ་པ་བཞིན། །
ཕྱོགས་ཀྱི་ལྷས་ཐང་ཡུག་པོའི་ཟེ་བ་ཡི། ། སྤུ་ལོང་རྒྱས་ཤིང་རླབས་ཀྱི་རི་མོ་འགྱུ། ། དམར་མདངས་རྒྱས་པའི་རྩི་ཤིང་ཕོན་པོ་དག ། རྒྱང་རིང་རི་བོའི་མགུལ་ན་ཚོམ་བུར་ཆགས། །
ཆུ་བོའི་འགྲམ་ན་སྟར་བུའི་ཤིང་ཚལ་གྱིས། ། ནངས་མ་རེ་བཞིན་བད་དཀར་གོས་སུ་གྱོན། ། རི་བོའི་ངོགས་ན་སྤང་རྒྱན་མེ་ཏོག་གིས། ། ཁ་ཆར་འདྲེས་མའི་བཏུང་བ་ཡང་ཡང་འཐུང༌། །
ལྷིང་འཇགས་ཁོར་ཡུག་འཇག་མའི་བཤུག་གླུས་དཀྲོགས། ། དྲོ་འཇམ་ཉི་འོད་སེར་མ་རླུང་གིས་ཟོས། ། གསེར་མདོག་འདབ་ལོ་སྡོང་པོའི་རྩེ་ནས་ལྷུང༌། ། ཨ་སྤུ་བྱེའུ་སྤུ་རྐང་སེན་ངོགས་ནས་འཕུར། །
ཟིལ་དངར་སྟོང་པའི་གེ་སར་འདབ་རོ་ཡིས། ། སྟོན་མཇུག་སྦྲང་བུའི་སེམས་ལ་སྙིང་རླུང་བསླངས། ། སྲབ་འཇམ་གཤོག་པ་གཡོ་བའི་ཟ་ཟིར་སྒྲས། ། འདས་དོན་དྲན་པའི་སྐྱོ་གླུ་ཅིར་ཡང་ལེན། །
འདབ་ལྡན་ཁུ་བྱུག་མོན་གྱི་ཡུལ་ལ་ཆས། ། ལྷ་བྱ་ཁྲུང་ཁྲུང་ལྷོ་མཐའི་མཁའ་ལ་བསྙེག ། ངང་བའི་བུ་མོ་ནུབ་ཁའི་རི་ལ་ཐེག ། སྟག་ཆུང་རྐང་དྲུག་ཕྱི་མའི་འཕྲང་ལ་འགྲིམ། །
དགུ་ཚིགས་ཁྲོད་ནས་ནམ་གུང་མཁའ་ལམ་མཐོང༌། ། རྒྱུ་སྐར་ཁྲ་མོའི་རང་འོད་ལྷག་པར་འཚེར། ། ཐུན་གསུམ་མཚན་མོའི་དུས་ཡུན་ལོ་ལས་རིང༌། ། སྐྱ་རེངས་དང་པོའི་རེ་སྒུག་མཐའ་ལ་བསྲིངས། །
ཀྱེ་མ་སྟོན་དུས་སྐྱོ་སྣང་ཆེ་ན་ཡང༌། ། སེམས་གསོའི་སྐྱོ་གྲོགས་སྙན་ངག་མིག་ཡངས་མའི། ། ཉམས་དང་འགྱུར་བའི་གཞས་ཆུང་སྙན་པོ་འདིས། ། སྙིང་གི་གདུང་བ་ཁད་ཀྱིས་སོས་པར་བྱས། །
ཤིང་སྤྲེལ་ལོའི་ཟླ་༧ཚེས་༣ལ། |