|
ངལ་བའི་རྔུལ་ཆུའི་ཐིགས་པ་ས་ལ་གཏོར། ། ཧལ་ཧལ་དབུགས་ཀྱི་རྒྱུ་བ་རླུང་ལ་བྱིན། ། འདོམ་གང་ལུས་ཀྱི་ལྷ་ཕྱག་བསྟུད་མ་ཡིས། ། རི་ཆུ་སྟོང་ཕྲག་བརྒལ་ནས་གང་དུ་བསྐྱོད། །
འཕྲུལ་གྱི་འཁོར་ལོས་གཙུབས་པའི་རྡུལ་རླུང་ཁྲོད། ། རལ་བའི་ཟར་བུ་གཡོ་བའི་སྐྱ་བསེར་གཟུགས། ། ཡང་ཡང་དགྱེ་ཞིང་རྒུ་བའི་གཟུགས་བརྙན་འདི། ། བདག་གི་ཡིད་ལ་རི་མོར་བྲིས་པ་བཞིན། །
གྲོང་སྡེ་ཆུང་ངུ་ཞིག་གི་ཕང་བ་ནས། ། སྙིང་སྟོབས་ཆེན་པོ་ཞིག་གི་གོ་བགོས་ཏེ། ། ཆུ་བོ་དམའ་མོ་ཞིག་གི་འགྲམ་ངོགས་ནས། ། ལ་མོ་མཐོན་པོ་ཞིག་གི་ཕྱོགས་སུ་ཐེག །
གནམ་གྱི་གྲུ་དང་ས་ཡི་འཕྲུལ་འཁོར་ལས། ། གང་འདོད་གནས་སུ་ཡུད་ཀྱིས་བསྐྱོད་པའི་དུས། ། ཐག་རིང་རྒྱང་ལམ་སྲིན་བུའི་ནུར་འགྲོས་ཀྱིས། ། བགྲོད་པ་གླེན་དགུའི་དྭངས་མར་བརྩི་སྲིད་མོད། །
རྒྱང་གྲགས་སྟོང་ཕྲག་བརྒལ་བའི་མདོ་དབུས་བར། ། ཡན་ལག་ལྔ་ཡིས་བྲིས་པའི་རི་མོ་ཡིས། ། ཡུག་གཅིག་ཁེབས་པར་བྱས་པའི་ངོ་མཚར་གྱིས། ། ཆོས་ལྡན་བོད་མིའི་ཁྱད་ཆོས་ཅིས་མི་མཚོན། །
ཤ་ཐང་ཆད་པའི་ལུས་ཀྱི་ལྷུ་ཚིགས་རེར། ། ན་ཟུག་ཁོལ་བུར་ལྡང་བའི་ཚོར་བ་དང༌། ། ཟུངས་ཀྱིས་བཏང་བའི་རུས་པའི་འཕྲུལ་འཁོར་རེར། ། དུབ་པའི་རེག་བྱ་རྩུབ་མོ་ཁུར་དུ་བྱས། །
ཉིན་མོའི་སྣང་བ་རྨི་ལམ་ངོགས་ནས་གསལ། ། མཚན་མོའི་རྨི་ལམ་ཉིན་མོའི་ངོགས་ནས་མཐོང༌། ། ཉིན་མཚན་ཀུན་ཏུ་དྲན་པའི་མེ་ལོང་དུ། ། དབུས་ལྗོངས་ལྷ་སའི་སྣང་བརྙན་གསལ་ཞིང་འགྲོ། །
བདོག་པའི་དངོས་པོ་ཅི་ཡང་མ་མཆིས་ཀྱང༌། ། རྐང་གི་ཁོང་ནས་རྡོལ་བའི་དད་པ་དང༌། ། རྒྱང་ལམ་ཕྱག་གིས་བཅད་པའི་དཀའ་སྤྱད་འདི། ། ཇོ་ཤཱཀ་དགྱེས་པའི་མཇལ་དར་དོད་པོ་ལགས། །
ཧ་ཅང་བདེན་ནོ་ལམ་ཐག་ཧ་ཅང་རིང༌། ། ད་དུང་ཁྱུད་འཁོར་ལོས་ཀྱང་མི་སླེབས་པས། ། ཇི་ལྟ་ཇི་ལྟར་ཚུལ་འདི་རྣམ་བསམས་པ། ། དེ་ལྟ་དེ་ལྟར་བདག་ཡིད་རྣམ་པར་འགུལ། །
མཚུན་གྱི་རྗེ་བོས་གདོས་བཅས་བེམ་གོག་ཏུ། ། ཡུད་ཀྱིས་བསྒྱུར་ཚེ་ཅིར་ཡང་བྱར་མེད་ཀྱིས། ། རང་དབང་ཡོད་དུས་ཤ་ཁྲག་ལུས་འདི་ལ། ། སྙིང་པོ་ལེན་པར་བསྔགས་བརྗོད་ལོས་བགྱི་སྟེ། །
ཆུ་སྣ་བྲག་ལ་ཐུག་པའི་གཅོང་རོང་དང༌། ། བྱང་རླུང་བྱེ་མར་འཐམས་པའི་ངམ་ཐང་དང༌། ། ཨར་ཇག་འགྲོས་ཁ་རྒོད་པའི་རི་ལུང་སོགས། ། གདོང་ལེན་དགོས་པའི་ཉེན་ཁ་ཆེས་ཆེར་བདོ། །
རླངས་འཁོར་ཆེ་རིགས་རི་བོ་ནུར་བ་བཞིན། ། རླངས་འཁོར་ཆུང་རིགས་སྐར་མདའ་རྒྱུག་པ་བཞིན། ། སྦག་སྦག་འཁོར་ལོ་ཉག་ཕྲན་ཡར་བ་བཞིན། ། གཞུང་ལམ་སྟེང་ནས་ཐུགས་གཟབ་ཅིས་ཀྱང་མཛོད། །
མ་འདྲིས་གློ་བུར་མཇལ་བའི་གྲོགས་པོ་ཁྱོད། ། དུས་ལ་སྡོད་པ་མེད་ཀྱིས་ད་ནི་ཕེབས། ། ཉམ་ང་བ་དང་འཚེ་བས་ཡོངས་དབེན་ཏེ། ། བགྲོད་པའི་ལམ་ནི་རྣམ་པར་ཤིས་གྱུར་ཅིག །
གངས་ཅན་ལྷ་ལྡན་སྙིང་གི་གྲོང་ཁྱེར་གྱིས། ། བོད་ཕྲུག་ཁྱོད་རང་སྒུག་ཡུན་མི་རིང་ཞིང༌། ། རྒྱལ་བའི་ཞལ་སྐྱིན་སྐུ་ཚབ་རྣམ་གཉིས་ཀྱི། ། དགྱེས་ཞལ་སྐལ་བཟང་མིག་གིས་མྱུར་མཇལ་ཤོག ། |