白莲花
 
 
ཐེ་ལན་རྒྱལ་ཁབ་ནས་མཐོང་བའི་ལྟད་མོ།
2008-08-19

ཁྲ་ཆེམ་གློག་འོད་འཁྱིལ་བའི་གར་སྟེགས་སྟེང༌། །
མཉེན་ལྡེམ་འགྱུར་བག་སྟངས་སྟབས་ཀྱིས་གཡོ་བ། །
དར་བབ་ལང་ཚོས་སྙེམས་པའི་གཟུགས་ཅན་མ། །
སྐྱོ་འཛུམ་ཉམས་བརྒྱས་གླུ་དབྱངས་ལེན་ཞིང་རྩེན། །

རོལ་སྒེག་ལུས་ཀྱི་རྣམ་འགྱུར་དུ་མ་ཡིས། །
མི་མང་འདུན་སར་སྒྱུ་རྩལ་དྭངས་མའི་གར། །
མཛེས་རྒུར་སྒྱུར་བའི་རྩེད་བྲོ་འཁྲབ་པའི་སྒྲས། །
ཁོར་ཡུག་དེ་ཡི་ལྷིང་འཇགས་ཐོལ་གྱིས་དཀྲོགས། །

སྨིན་ལེགས་འདི་དག་ན་ཚོད་ཕྲ་མོའི་དུས། །
དེང་རབས་བཤའ་བཅོས་དཔྱད་ཀྱི་ལག་རྩལ་གྱིས། །
ཕོ་ལུས་མོ་ཡི་རྟེན་དུ་བསྒྱུར་བ་སྟེ། །
ལ་ལས་མི་ཡུལ་ཕྲ་མེན་མིང་གིས་འབོད། །

རིགས་གཉིས་པ་ཡི་ལང་ཚོ་མ་འདི་རྣམས། །
རྒྱལ་ཁབ་འདི་ཡི་དམིགས་བསལ་ཁྱད་ནོར་ཏེ། །
ཕྱི་ཕྱོགས་ལྟ་སྐོར་གཉེར་བའི་དོན་མཐུན་དག །
དབང་མེད་འགུགས་པར་བྱེད་པའི་ལྕགས་ཀྱུར་གྲགས། །

ཟང་ཟིང་ནོར་ཕྱིར་ལུས་ལ་རྨ་སྲོལ་བཏོད། །
གཞོན་པའི་ལང་ཚོ་ཟོང་གི་རྟེན་དུ་བསྒྱུར། །
ན་ཚོད་ཡོལ་ཚེ་རིགས་མཐུན་གྲོགས་ཀྱིས་འདོར། །
ལེགས་པར་བསམས་ན་སྙིང་རྗེའི་གནས་སུ་སྣང༌། །

ཚེ་ཐག་ཐུང་ཡང་གཟུགས་བྱད་སྙིང་དུ་སྡུག །
སྒེག་འཆོས་ཆེ་ཡང་གུས་ཞབས་ཞུ་བར་མཁས། །
རང་ལུས་འཚོང་ཡང་སྤྱི་ཚོགས་ཞབས་ཞུར་དགའ། །
བརྙས་པ་སྤོངས་ཞེས་ཡུལ་དེའི་མི་དག་ཟེར། །

མཚར་མཚར་ལྟད་མོ་ལྟ་བའི་འདུན་པ་ཡིས། །
མ་བརྟགས་སྤྲོ་འཆམ་ཚོགས་པ་དང་མཉམ་དུ། །
རྟེན་བསྒྱུར་བུ་མོའི་བག་མེད་འཁྲབ་སྟོན་ལ། །
ཅིའི་ཕྱིར་བལྟར་འོངས་སྙམ་ནས་རང་ལ་གཤུངས། །

མ་གོམས་རྫུ་བག་འཛིན་པའི་བཙུན་ཆུང་ཞིག །
མི་ཚོགས་ཁྲོད་ནས་ངོ་ཚ་ཉོ་དོགས་ཀྱིས། །
བྲེད་ཤ་གདོང་ལ་ཐོན་པའི་རིག་རིག་མིག །
བས་མཐའི་ཚལ་གྱི་རི་དྭགས་རྗེས་སུ་སྙེགས། །

ཀྭ་ཡེ་སྲིང་མོ་ཐེམ་སྐས་ལས་བབས་ཏེ། །
གཞོགས་སྟེགས་ཉམས་ཀྱིས་འཁྲིས་སུ་བཏུད་ནས་ནི། །
རྩེད་མོ་མ་བྱེད་ངུར་སྨྲིག་བླ་གོས་འདིར། །
འོས་པའི་བསྡི་སྟངས་ཅིས་ཀྱང་མཛོད་ཅེས་སྐུལ། །

སྲོད་དུས་མཚོ་ཁའི་གྲུ་རྫིངས་ཁང་མཛེས་ནང༌། །
མཉམ་དུ་འཐམས་ཏེ་རྐང་སེན་རྩེན་པའི་སྟེགས། །
ཕྱི་ནང་གསང་བའི་བྲོ་ཡི་འདུན་ས་རུ། །
བསྒྱུར་བའི་ལྟད་མོར་ཆས་པའི་ལས་ལས་གཡོལ། །

མི་གསལ་གློག་ཞུའི་འོད་སྣང་མོག་པོའི་ཁྲོད། །
ཁྱར་ཁྱོར་གོམ་པས་གར་སྟབས་བསྒྱུར་བ་ལས། །
ཡིད་སྲུབས་སྒྲོ་ལྡན་སྙིང་གི་གཏིང་རིང་དུ། །
ཟུག་པའི་ཉེན་ཁར་རྒྱང་དུ་བྱོལ་བར་བྱས། །

ཕྱི་སྒོར་ཐོན་ཏེ་མཱ་ནན་གཙང་པོའི་འགྲམ། །
དགུན་ཡང་ལྗང་མདོག་གཡུ་ལོ་ལྡེམ་པ་ཡི། །
མུ་འབྲེལ་ལྗོན་ཤིང་མཛེས་པའི་སྲང་ལམ་བརྒྱུད། །
གྲངས་མེད་རླངས་འཁོར་ཕྲེང་བར་བསྟར་ལ་བལྟས། །

མཐར་གྱིས་མདངས་མཛེས་རིན་ཆེན་སྣ་བརྒྱ་ཡིས། །
ལེགས་གྲུབ་གཡང་ཌིའི་སྐུ་བརྙན་དགོན་པ་དང༌། །
དབུ་ཟླུམ་ཞབས་རེག་ཅན་གྱི་ཉན་ཐོས་དག །
མཇལ་སླད་ལྕི་བའི་གོམས་འགྲོས་ཕྱོགས་དེར་བསྒྱུར། །


༢༠༠༤ལོའི་ཟླ་༣ཚེས་༣༠ཉིན་ཐེ་ལན་གྱི་རྒྱལ་ས་མན་ཀོས་ནས།