白莲花
 
 
རྗེ་བཙུན་བླ་མ་དྭངས་བསིལ་རི་བོ་རྩེ་ལྔ་ལ་ཕེབས་པའི་རྟོགས་བརྗོད་མནྡྷ་རའི་ཆུན་པོ།
2008-07-27

བགྲང་ཡས་རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་འགྲོ་ལ་རྗེས་ཆགས་རོལ་བའི་གར། །
རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཡོངས་ཤར་ས་གསུམ་མིག་གི་དཔྱིད་གཅིག་པུ། །
དམར་སེར་འཆར་ཀའི་ཐུན་མཚམས་འོད་ལྡན་སྔོ་བསངས་རལ་གྲིའི་འཕྲུལ་འཁོར་ཅན། །
སྨྲ་བའི་ཉི་མ་འཇམ་དཔལ་གཞོན་ནུ་མི་ཕྱེད་དད་བརྒྱའི་མཁའ་ལ་བསྙེན། །

སྟོན་མཚན་ཟླ་ཤེལ་བྱེ་བའི་དཔལ་འཛིན་བལྟ་བས་མི་ངོམས་མཛེས་ཞལ་གྱི། །
དཀྱུས་རིང་ཨུཏྤལ་ཟུར་མདའ་གཡོ་ལྡན་ཆགས་བྲལ་ཡིད་ཀྱི་བརྟན་འཕྲོག་ཅིང༌། །
སྲིད་ཞིའི་མཚར་སྡུག་བཅུད་དུ་ལེན་མཁས་གདོང་བཞིའི་ཡིད་ཀྱི་སྡུག་གུ་མ། །
བཻ་ཌཱུར་རྒྱུད་མང་འཁྲོལ་བའི་ཟོལ་གྱིས་བདག་མགྲིན་མཛེས་པའི་རྒྱན་དུ་རོལ། །

འཆད་རྩོད་རྩོམ་པའི་ངག་ལ་དབང་འབྱོར་འཇིགས་མེད་གད་མོ་སྟོང་དུ་དགོད། །
ཐོས་བསམ་སྒོམ་པའི་བློ་གྲོས་ཕུན་ཚོགས་རང་བྱུང་དགོངས་པའི་ཀློང་རྡོལ་བ། །
མཁས་བཙུན་བཟང་པོའི་རྣམ་ཐར་མཚུངས་མེད་ཕན་བདེའི་འབྱུང་གནས་ཡིད་བཞིན་ནོར། །
སངས་རྒྱས་དངོས་བྱོན་བདག་གི་བླ་མ་བྱང་ཆུབ་བརྙེས་ཀྱང་སྐྱབས་སུ་འཛིན། །

གང་གི་གསང་བ་བསམ་མི་ཁྱབ་པའི་མཐའ། །
མེས་པོས་ལྕེ་བརྒྱ་སྤྲུལ་ནས་བརྗོད་བྱས་ཀྱང༌། །
ཆ་ཡི་ཆ་ཡང་གཞལ་བར་མི་སྤོབས་ན། །
སྨྲ་བའི་ལྕེ་རྩེ་རྟུལ་བ་བདག་གིས་མིན། །

འོན་ཏང་དད་གསུམ་ཡིད་ཀྱི་མཛའ་ན་མོ། །
སྙིང་གི་ཐིག་ལེའི་བཅུད་དུ་སོན་མ་ཐག །
ངག་ལས་ངག་གི་འདོད་པ་འཇོ་བའི་དཔྱིད། །
སྙན་ཚིག་དྲི་ཟའི་གླིང་བུ་སུས་མི་སྒྱུར། །

དེ་ཕྱིར་ཉམས་འགྱུར་སྟོང་གི་འདབ་གྲོལ་བ། །
རྟོགས་བརྗོད་མནྡྷ་ར་ཡི་ཆུན་པོ་འདི། །
ཕྱོགས་བྲལ་སྐལ་བཟང་རི་དྭགས་མིག་ཅན་མའི། །
རྩེ་དགའི་རྒྱན་དུ་བྱིན་གྱིས་ཅི་བདེར་ལོངས། །

ཨེ་མ་འཛམ་བུའི་འཁྲི་ཤིང་ཡལ་ག་ལས། །
སྨིན་ལེགས་འབྲས་བུ་རྒྱ་མཚོར་ལྷུང་བ་ཡི། །
སྒྲ་ཡིས་བསྙད་པའི་ངོ་མཚར་དབྱིག་ལྡན་མའི། །
གྲགས་པ་ཁོར་ཡུག་གསེར་གྱི་རི་བོར་འཁྱུད། །

གང་གི་སྙིང་པོ་ཕྱོགས་ཀུན་ཀེ་ལ་ཤའི། །
ཁྱུད་མོས་ཟླུམ་པོར་བཅིངས་པའི་ནོར་ལྡན་མ། །
རབ་དཀར་ཁ་བའི་འདབ་མ་གཡོ་བ་ཅན། །
བྷོ་ཊའི་ལྗོངས་འདི་འཇིག་རྟེན་རྒྱན་དུ་ལྷམ། །

གང་ལ་ཆགས་པ་མདོ་ཁམས་སྨད་ཀྱི་ཡུལ། །
གསེར་ལྗོངས་ཆོས་ཀྱི་ཞིང་ས་དམ་པ་རུ། །
སྡུག་གུར་བཀྲ་བ་གསང་ཆེན་དབེན་ཁྲོད་ཅེས། །
ཆོས་ཀྱི་སྡེ་ནི་འཛིན་མའི་ཁོང་ན་བརྗིད། །

རང་བྱུང་དཔལ་གྱི་བསམ་ཡས་གཉིས་པ་ཡི། །
གཉྫི་ར་ལྡན་གསེར་གྱི་རྒྱ་ཕིབས་ལས། །
དཔྱངས་པའི་དྲིལ་གཡེར་རླུང་གིས་བསྐུལ་བ་ལས། །
སིལ་སིལ་སྒྲ་སྙན་རྣ་བའི་དཔལ་དུ་འཇེབས། །

ཉེ་བའི་འདུ་ཁང་ཆེན་མོའི་ཁོར་ཡུག་ཏུ། །
བསམ་གཏན་ཁང་བུ་བརྩེགས་པའི་ལྔ་ཕྲག་གླིང༌། །
ཐུན་གསུམ་ལང་ཚོ་དར་བབ་རྒྱུ་སྐར་གྱི། །
མུ་ཏིག་དོ་ཤལ་ཐག་པ་ཆད་པ་བཞིན། །

གནས་དེར་མཁས་གྲུབ་གསེར་རིའི་ཕྲེང་བ་ཡིས། །
ངུར་སྨྲིག་གསར་བའི་རྩེ་དགའ་ངོམ་པ་ན། །
ས་ལ་མཚམས་སྤྲིན་ཞུན་མར་འཁྱིལ་ལོ་ཞེས། །
གསེར་ཅན་དགྲ་ཡང་མཚར་བའི་ལྟད་མོར་གཡེང༌། །

མང་ཐོས་ཆུ་འཛིན་གསར་བའི་ལྡིང་ཁང་ནས། །
ལུང་རིགས་གློག་གི་བུ་མོས་གར་བསྒྱུར་བས། །
སྐལ་བཟང་རྨ་བྱ་མྱོས་པའི་ཆོ་ག་མཁན། །
གཅིག་ལས་གཅིག་ལྷག་ཕན་ཚུན་འགྲན་པ་བཞིན། །

བཀའ་པོཏ་གཞུང་བརྒྱའི་དཀའ་གནས་བརྒལ་བརྟག་གིས། །
མཚན་ཡང་ཉིན་བཞིན་དལ་མེད་བགྲོ་བ་ལས། །
ཕུལ་བྱུང་གྲུབ་མཐའི་གསང་ཚིག་ཕྲ་མོའི་གནད། །
མྱོང་བའི་སྐལ་བ་གངས་རིའི་ཁྲོད་ན་སྦོམ། །

འདི་སྣང་མཆིལ་མའི་ཐལ་བ་བཞིན་བོར་ནས། །
དཀའ་སྤྱད་མཛད་པས་སྒྲུབ་ཚུགས་མ་ཉམས་པར། །
ནང་གི་རྣལ་འབྱོར་ཉམས་འོག་ཆུད་པ་ཡི། །
བསམ་གཏན་པ་རྣམས་ཏིང་འཛིན་མལ་ན་བདེ། །

ཐེག་གཞན་ལམ་གྱིས་ངལ་བ་བརྒྱ་ཕྲག་གིས། །
གྲངས་མེད་བསྐལ་བའི་ཡུན་དུ་སྒྲུབ་འོས་པ། །
སེམས་ཉིད་ཡེ་གྲོལ་ཀུན་ཏུ་བཟང་བོའི་ཞལ། །
མཇལ་བའི་རྟོགས་ལྡན་འཛིན་མའི་རྡུལ་ལ་འགྲན། །

དེ་ལྟའི་ངོ་མཚར་བྱེ་བའི་འབྱུང་གནས་སྐྱབས་གཅིག་འཇམ་མགོན་ཆོས་ཀྱི་རྗེ། །
མཁས་གྲུབ་བྱེ་བའི་གཙུག་གིས་རབ་བཏེག་མཐོ་ལྡན་ཆོས་ཀྱི་ཁྲི་འཕང་དུ། །
མི་ཤིགས་རྡོ་རྗེའི་སྐྱིལ་ཀྲུང་ལ་བརྟེན་དགྱེས་ཞལ་ཟླ་བ་དཀར་བོའི་འཛུམ། །
སྐལ་བཟང་འཁོར་གྱི་ཉེར་འཚོར་གསལ་བཞིན་གླིང་འདིའི་སྤྱི་དཔལ་དམ་པར་གཞེས། །

གང་གི་རྨད་བྱུང་གསང་བའི་འཕྲུལ། །
ཀུན་གསལ་མཐའ་དང་སྙོམས་འཇུག་པས། །
ས་འདིར་འཁོད་པའི་ལུས་ཅན་དག །
སྨིན་གྲོལ་རྩེ་དགས་སུ་མ་མྱོས། །

ཁྱད་པར་ལྔ་ཕྲག་རྩེ་མོ་ལ། །
གཟུགས་ཀྱིས་ལྷག་པའི་རབ་བྱུང་མཐའི། །
ཟླ་བའི་ཕུང་པོ་དྲུག་ཅུ་པའི། །
ཡིད་འོང་མེ་ཏོག་ལྡན་དུས་སུ། །

འདུས་པའི་འཁོར་སློབ་ཁྲི་ཕྲག་ལ། །
སངས་རྒྱས་རིན་ཆེན་ཟ་མ་ཏོག །
ཁ་འབྱེད་དཔལ་ལྡན་དུས་འཁོར་གྱི། །
དབང་ཁྲིད་བདུད་རྩིའི་ཆར་ཆེན་ཕབ། །

གཉུག་མའི་ལུས་སེམས་ལ་གནས་པའི། །
སྒྲིབ་གྱུར་ཐབས་ཀྱི་ཆོ་ག་ཡིས། །
ཡོངས་སྦྱངས་དོན་གྱི་ཡེ་ཤེས་ནི། །
སྙིང་གི་ཏི་ལ་ཀ་རུ་བསྡིམས། །

དེ་སོང་ཞག་གི་མཇུག་རྩེ་ན། །
འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡི། །
དཀྱིལ་འཁོར་གཉན་པོ་ཞལ་ཕྱེས་ཏེ། །
བྱིན་ཆེན་གནད་དུ་འབེབས་པའི་སྐབས། །

མདའ་གང་མཁའ་ལ་སྐྱིལ་མོ་ཀྲུང་བྱས་ཏེ། །
མིག་འཕྲུལ་བཀོད་པའི་སྣང་བ་འབུམ་ཕྲག་ལ། །
འགྲན་པའི་རོལ་རྩེད་གློག་གི་ཟློས་གར་བཞིན། །
མཐུན་སྣང་མིག་གི་བདུད་རྩིར་མངོན་སུམ་མཛད། །

ཨེ་མ་གང་ཐུགས་མེ་ལོང་དྭངས་མའི་གཞིར། །
མ་ཆུད་ཤེས་བྱ་སྲིད་ན་མི་དམིགས་པས། །
འགྲོ་ཁམས་རྒྱ་མཚོར་ཇི་ལྟར་འཚམ་པ་ཡི། །
ཐབས་མཁས་ཐུགས་རྗེའི་འཇུག་པའང་ས་ལེར་མཁྱེན། །

དེ་ཕྱིར་འཇམ་དབྱངས་སྤྲུལ་བའི་ཞིང་ཁམས་སུ། །
དཔག་ཡས་འགྲོ་བ་སྨིན་པའི་དུས་བབ་ཚུལ། །
མ་འདྲེས་ཕྱག་མཐིལ་རི་མོ་བཞིན་གཟིགས་ཏེ། །
འབྱོན་བཞེད་ཐུགས་ཀྱི་ཐིག་ལེར་འཁྲུངས་པར་གྱུར། །

གང་ཚེ་དགྱེས་པའི་ཞལ་གྱི་འཛུམ་དཀར་ནི། །
ཀུན་དགའི་དཔལ་དུ་བཞད་པའི་རྩེ་དགའ་དང༌། །
ཆབས་ཅིག་འཁོར་གྱི་དཀྱིལ་འཁོར་ཡོངས་ཁྱབ་པའི། །
དབུགས་དབྱུང་གསུང་གི་རོལ་མོ་རྣ་བར་འཇེབས། །

དེ་ལས་གནས་ཀྱི་ཆེ་བ་དང་འབྲེལ་བའི། །
དོན་ལྡན་གཏམ་གྱི་གླེང་མོ་བསླངས་བ་ན། །
ཀུན་ཡིད་རབ་དགས་བརླན་པའི་མཆི་མའི་ཆར། །
འགྲམ་པའི་མཁུར་ཚོས་མཛེས་པའི་རྒྱན་དུ་བླངས། །

གང་ཞིག་རིངས་པ་རིངས་པར་མཇལ་བ་ལ། །
བྲེལ་བའི་ཡིད་ཀྱིས་ཞག་གི་ཆ་རེ་ཡང༌། །
ཁྱུད་འཁོར་ལོ་ཡི་ཡུན་དུ་རྣམ་བརྟགས་ནས། །
རྨི་ལམ་ན་ཡང་དེ་ཚུལ་ཤུབ་བུར་ཟློ། །

རིང་མིན་གསར་ཚེས་གནམ་ལོའི་དགའ་སྟོན་ལ། །
དཔྱིད་དཔལ་ན་ཆུང་འཛུམ་གྱིས་རོལ་པའི་ཚེ། །
མ་ཚང་མེད་པའི་རིམ་གྲོ་ཉེར་ཚོགས་ནས། །
སྡེ་བཞིའི་ཡོ་ལང་རྒྱ་མཚོའི་སྤྲིན་དུ་བསྟར། །

དེ་འཕྲལ་ལྷ་མིའི་འདུ་བ་རྣམ་བཤམས་ཏེ། །
ཆིབས་ཀྱི་ཁ་ལོ་སྒྱུར་བའི་དུས་རིག་ནས། །
ཕེབས་འོས་ཞལ་ཏ་ཆོས་ཀྱི་བགོ་སྐལ་གྱིས། །
གཞིར་སྡོད་པ་དག་ཚིམས་བྱས་སྐྱེལ་མས་བྲེལ། །

དུས་དེར་བཀའ་རྟགས་ཕྱག་རྒྱའི་ཆོ་ལོ་ཅན། །
ལས་འཛིན་ཆབ་སྲིད་ཆེན་པོའི་ཁ་ལོ་བ། །
བགྲང་ཡས་དབུས་ན་དབང་གི་རུ་མཚོན་དམར། །
ལྷབ་ལྷུབ་ཕྱོགས་སུ་གཡོ་བཞིན་དལ་གྱིས་ཐེག །

རིམ་གྱིས་དར་སྐུད་བྲེས་འདྲའི་གཞུང་ལམ་དུ། །
རླུང་གི་ཤུགས་འཆང་འཕྲུལ་གྱི་འཁོར་ལོ་ཡིས། །
བགྲང་ཡས་ས་འཛིན་ཕྲེང་བ་བརྒལ་བའི་མཐར། །
མུ་མཐའ་བྲལ་བའི་ཁྲེང་ཏུའུ་གྲོང་དུ་སླེབས། །

གནས་དེར་ས་ལ་ཆགས་པའི་མཐོ་རིས་གྲོང༌། །
རིན་ཆེན་བྱེ་བའི་བ་གམ་མངོན་མཐོ་བའི། །
ཁང་བརྩེགས་ཡིད་འོང་འཕྲུལ་གྱི་འབབ་སྟེགས་ཅན། །
བགྲང་ཡས་འདས་པའི་ཕ་མཐའ་སུ་ཡིས་རྙེད། །

གཞི་དང་ཁོར་ཡུག་མིས་བཟོས་རྡོ་ཞུན་གྱིས། །
མཉམ་པར་བརྡལ་བའི་བཞི་མདོའི་སྲང་ལམ་དག །
བཀོད་ལེགས་རྒྱན་གྱིས་མཛེས་བྱས་དེ་དང་དེར། །
ཁྲག་ཁྲིག་འཕྲུལ་གྱི་འཁོར་ལོ་ཕྱོགས་སུ་བསྐྱོད། །

སྣ་མང་བཟོ་ཚོང་རྒྱས་པའི་འདུ་འགོད་ཀྱིས། །
ཕྱོགས་ཀུན་དོག་པོར་འགེངས་པའི་ལྟད་མོ་ལ། །
རོལ་པའི་སྐྱེ་བོ་ཏིལ་གྱི་གོང་བུ་བཞིན། །
རྫོགས་པར་གཏམས་པའི་ངོ་མཚར་མིག་གི་དཔྱིད། །

ཡིད་འོང་མཚོ་རྫིང་མེ་ཏོག་ཕྲེང་མཛེས་ཤིང༌། །
བསིལ་འཇམ་མིས་བཟོས་ཆར་བ་ལུས་ལ་སིམ། །
ལྡེམ་ལྡེམ་ཕང་ཕུང་རླུང་གིས་གཡོ་བ་ཅན། །
སྨན་ལྗོངས་སྐྱེད་ཚལ་སུམ་རྩེན་ཡུལ་ལས་ལྷག །

དུས་སུ་མངོན་འདོད་གསར་བའི་རྩེ་དགའ་ཅན། །
ལང་ཚོའི་དཔལ་ལ་སྲེད་པའི་ན་ཆུང་དག །
འཇམ་མཉེན་ལག་སོར་ཤེལ་གྱི་ལྕུག་ཕྲན་ནི། །
ཕན་ཚུན་སྦྲེལ་ནས་དེ་དང་དེ་རུ་རྩེན། །

ཉེ་བའི་གནས་སུ་རྒྱལ་སྲས་རྟག་ཏུ་ངུས། །
སངས་རྒྱས་ཆོས་འཕགས་བསྙེན་ཕྱིར་སྐུ་ལུས་ཀྱི། །
ཁྲག་རྒྱུན་དྲོན་མོས་བཤེར་བའི་ས་ཡི་ཕྱོགས། །
ད་དུང་ཐུན་མཚམས་མདོག་ཏུ་སྣང་བ་ཡོད། །

གཞན་ཡང་ཁྲོ་འཛུམ་སྒེག་པའི་རྣམ་འགྱུར་ཅན། །
བརྒྱ་ཕྲག་ལྔ་ཡི་གྲངས་ལྡན་དགྲ་བཅོམ་ཚོགས། །
བྱིན་ཆགས་ཚོམ་བུར་བཀྲ་བའི་གནྡྷོ་ལས། །
མཚོན་པའི་ལྷ་ཁང་ཆེ་ཕྲ་བགྲང་མི་ལང༌། །

དེ་ལས་དཔག་ཚད་འགའ་ཞིག་བགྲོད་པའི་སར། །
ལག་ལྡན་གཟུགས་ཀྱིས་འགྱིངས་པའི་སྤོ་མཐོའི་རི། །
དུས་བཞིར་ཆུ་འཛིན་ལྕུག་མའི་འདུ་འགོད་ཅན། །
ཀུན་བཟང་རྒྱལ་སྲས་སྤྱོད་པའི་ཞིང་དུ་གྲགས། །

གང་ལ་བགྲོད་པའི་འཛིན་མའི་འགྲམ་ཞིག་ནས། །
རླབས་ལྡན་ཆུ་གཏེར་ངོགས་སུ་ཕྱིན་པ་ན། །
སྔོ་ལྗང་ཚང་ཚིང་ལོ་མས་ཁེབས་པའི་གསེབ། །
མཐོང་གྲོལ་བྱམས་ཆེན་བལྟར་མི་མངོན་པ་ཡོད། །

དེ་ལྟར་མངོན་དགའི་གྲོང་དང་གྲོང་ཁྱེར་གནས་དང་དབེན་པའི་ལྗོངས་རྣམས་སུ། །
ཆགས་མེད་བདེ་བའི་ཏིང་འཛིན་རབ་བརྟན་རླབས་ཆེན་རྒྱལ་སྲས་སྤྱོད་པ་ཡིས། །
རྨད་བྱུང་ལེགས་བྱས་འབུམ་ཕྲག་འདུམས་བྱས་ཀུན་ཡིད་རབ་དགའི་ཆུ་གཏེར་ལས། །
དད་གསུམ་ཡིད་ཀྱི་ཟེགས་མ་འཐོར་བཞིན་སླར་ཡང་བཏེག་ལ་མངོན་པར་ཕྱོགས། །

གང་ཚེ་འཕྲུལ་གྱིས་བསྐྱོད་པའི་རླུང་གི་ཤུགས། །
ཉེ་དབང་ཤིང་རྟ་སྟོང་གི་སྙེམས་འཆང་བ། །
འུར་འུར་ཐོས་འཛིན་འགེངས་བྱེད་འབྲུག་སྟོང་གི །
སྒྲ་ལྡན་ནམ་མཁའི་གྲུ་བོ་ཆེ་དེར་ཞུགས། །

འཕྲལ་འཕྲལ་ལང་ལོང་གཡོ་བའི་སྤྲིན་དཀར་གྱི། །
མཛེས་མཛེས་བ་གམ་བརྩེགས་པའི་གུར་ཁང་ནས། །
དུང་དུང་འཇིག་རྟེན་མི་ཡུལ་ལ་བལྟས་ཚེ། །
མཚར་མཚར་རི་མོར་བྲིས་པའི་གཟུགས་བཞིན་སྣང༌། །

འགྱུར་བག་ཉམས་བརྒྱ་རབ་རྫོགས་ཡ་མཚན་གྱི། །
མཁའ་ཁམས་གཟིགས་མོར་དགྱེས་རྒུར་རོལ་པའི་མཐར། །
ཙཱི་ནའི་གྲོང་ཁྱེར་སྟོང་གི་སྙིང་བོ་རུ། །
གྲགས་ལྡན་པེ་ཅིང་ས་ཡི་ཐིག་ལེར་ལྷགས། །

དེ་རུ་བདེ་ལྡན་ཞིང་མགོན་གཟི་བརྗིད་རྒྱལ། །
འོད་སྣང་མཚན་གྱི་ཅོད་པན་འཆང་བ་དང༌། །
མཉེས་གཤིན་ནང་མའི་རོལ་རྩེད་འཕེལ་བའི་ངང༌། །
ཆོས་སྡེ་དུ་མར་ཞབས་ཀྱི་པད་མོ་བཀོད། །

རིངས་པར་གསང་ཆེན་གྲུབ་པའི་གླིང་འདིར་ཡང༌། །
བླ་རུང་ལྔ་རིག་སློབ་གྲྭ་ཆེན་མོ་ཞེས། །
བཀའ་རྟགས་ཕྱག་རྒྱའི་རེ་ཁཱ་མ་རྙིང་བའི། །
མཚན་སྙན་ཕྱོགས་ཀྱི་བུ་མོའི་རྒྱན་དུ་བྱིན། །

སླར་ཡང་འཁོར་ཚོགས་རྒྱ་མཚོས་ཡོངས་བསྐོར་ཏེ། །
སྣ་ཚོགས་འཕྲུལ་གྱི་ཕེབས་འཁོར་ལ་བརྟེན་ནས། །
གྲོང་དང་གྲོང་ཁྱེར་དུ་མ་བརྒྱུད་པའི་མཐར། །
དྭངས་བསིལ་ཞིང་དུ་ཞབས་སེན་གསར་དུ་འཕོས། །

མཛེས་སོ་ས་སྟེང་འདི་ན་ཆེ་བ་ཅན། །
འཛམ་གླིང་གནས་ཆེན་ལྔ་ཡི་ཡ་གྱལ་ཏེ། །
དམར་སེར་ཐིག་ལེ་འཛུམ་པའི་ཡིད་འཕྲོག་ལྷས། །
སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཞིང་འདིར་བསྟན། །

ཨེ་མ་སྣང་སྲིད་དག་མཉམ་རྟོགས་པའི་བློ། །
སྒྱུ་འཕྲུལ་རྡོ་རྗེའི་རོལ་ངོར་འབྱམས་ཀླས་པའི། །
དག་སྣང་གཟིགས་སྣང་རྟོག་གེའི་ཡུལ་མིན་ཡང༌། །
མཐུན་སྣང་མཚར་བའི་གཟིགས་མོ་གཏམ་དུ་གླེང༌། །

དེ་ཡི་སྙིང་པོ་དབུས་ཕྱོགས་རྡུལ་མང་བརྩེགས། །
མི་འགྱུར་ལྷུན་པོའི་སྤོ་རུ་གྲགས་འབར་བའི། །
ཕང་བར་ཆགས་པའི་ཆོས་ཀྱི་གཙུག་ལག་ཁང༌། །
ཚར་དུ་དངར་བའི་ཕ་མཐའ་གཟུང་དུ་མེད། །

གང་གི་ལྟེ་བར་སངས་རྒྱས་ཀྱི། །
འཁྲུལ་མེད་རང་བསྲེལ་སྙིང་བོ་ཅན། །
ཟླ་བ་དཀར་བོའི་བཅུད་ལེན་པའི། །
བྱིན་ཆགས་མཆོད་སྡོང་རྒྱན་དུ་མཐོ། །

ཁོར་ཡུག་སྣ་ལྔའི་འོད་ཆགས་པའི། །
རིན་ཆེན་རྩིག་པ་མངོན་མཐོ་ཞིང༌། །
ཀ་གདུང་ལྕམ་དྲལ་བ་གམ་ཅན། །
བྱེད་པོའི་པིར་གྱིས་བྲིས་ལ་ལྟ། །

མཛེས་མཛེས་བལྟར་མི་མངོན་པ་ཡི། །
མཚར་མཚར་ལང་ཚོ་བཞད་པའི་སྐུ། །
གསལ་གསལ་མཚན་དཔེའི་འཇོ་སྒེག་ཅན། །
མང་མང་མིག་གི་བདུད་རྩིར་བཀྲ། །

མཐའ་སྐོར་ལོ་འདབ་གཡོ་བ་ཅན། །
ཚང་ཚིང་མཛའ་བོར་འཐམས་པ་དག །
བསིལ་ལྡན་རླུང་གིས་བསྐུལ་བ་ལས། །
ལུས་སྐྱེས་སྤུ་ལོང་བྱེད་པ་ཡོད། །

ཁྱད་པར་རྗེ་བཙུན་འཇམ་པའི་དཔལ། །
གང་འདུལ་སྣ་ཚོགས་སྤྲུལ་བའི་སྐུར། །
བསམ་བཞིན་བཞེངས་པའི་སྣང་བརྙན་རྣམས། །
དད་གསུམ་ཡིད་ཀྱི་ཐིག་ལེར་ཆེ། །

དེ་ལས་བརྒྱ་རྩ་བརྒྱད་ཀྱི་ནི། །
གྲངས་ལྡན་ཐེམ་སྐས་བརྒྱུད་པ་ཡི། །
ཡང་ཐོག་གསེར་གྱི་རྒྱ་ཕིབས་ཅན། །
བྱང་ཆུབ་སྤོ་ཞེས་ཡོངས་སུ་གྲགས། །

གང་ཚེ་ཕྱོགས་ལས་རྣམ་རྒྱལ་ཆོས་ཀྱི་རྗེའི། །
ཐོག་མའི་ཞབས་སེན་དེ་རུ་བསྐྱོད་པ་ན། །
སྣ་ཚོགས་མཆོད་པའི་སྤྲིན་གྱིས་མདུན་བསུས་ཏེ། །
འཕྲུལ་དགའི་འབྱོར་བའི་དཔལ་ལ་བག་ཡོད་བྱིན། །

དུས་དེར་ཕྱོགས་དང་ཕྱོགས་མཚམས་ནས་ལྷགས་པའི། །
བགྲང་ཡས་ཁྲི་ཕྲག་སྙེད་ཀྱི་འཁོར་མང་གིས། །
ཁོར་ཡུག་ལྕིད་ཀྱིས་ནོན་པ་མ་ཐེག་ནས། །
ལྔ་ཕྲག་རི་བོའི་རྩེ་མོ་འདུད་པར་རྩོམ། །

དེ་ལྟའི་གྲགས་དཀར་བ་དན་གཡོ་བས་བདུད་ཀྱི་རུ་མཚོན་དགུང་ལས་བསྙིལ། །
ཆུ་སྲིན་རྒྱལ་མཚན་མྱ་ངན་གྱིས་གཟིར་དགེ་སྦྱོང་ཟོལ་ལ་བརྟེན་བྱས་ནས། །
གླགས་སྐབས་ཚོལ་ཕྱིར་ཚུལ་མིན་དབྱེན་སྦྱོར་ངན་སྨྲས་ཅལ་ཅོལ་མང་བསྒྲགས་ཀྱང༌། །
བྱམས་པའི་མཚོན་ཆེན་གཅིག་གིས་བཏུལ་བྱས་ལྷ་རྣམས་དགའ་བའི་བཞད་སྒྲ་ཆེམས། །

དེ་ནས་ཐུན་མོང་ལམ་སྦྱོང་སྔོན་སོང་ནས། །
དབང་པོའི་སྐལ་བར་འཚམ་པའི་དམ་ཆོས་ཀྱི། །
རྨད་བྱུང་བགོ་སྐལ་དད་པའི་སྙིམ་པ་རུ། །
ལེན་པའི་སྐལ་བཟང་ཚོགས་རྣམས་དལ་དུ་མེད། །

སླར་ཡང་གསར་བཞད་རབ་བྱུང་བཅུ་བདུན་པའི། །
བགྲང་བྱའི་ཐོག་མ་དགེ་བའི་ཡར་ཚེས་ལ། །
ཕུན་ཚོགས་མཁོ་རྒུའི་ཡོ་བྱད་ཉེར་བསགས་ཏེ། །
སླར་ཡང་སྨོན་ལམ་ཆེན་པོའི་ཉེར་བསྡོགས་རྩོམ། །

དུས་དེར་ལེགས་བྱས་བྱེ་བས་ཉེར་བསྐྲུན་པའི། །
ཡབ་རྗེ་བླ་མའི་ཞབས་མཐིལ་རྩིབས་སྟོང་ཅན། །
འཕྲོག་བྱེད་གཉའ་བས་བཏེགས་པའི་ཁྲི་འཕང་ལ། །
རླབས་ཆེན་ཁྱུ་མཆོག་སྟབས་ཀྱིས་གཤེགས་པར་གྱུར། །

དེ་དང་ཆབས་ཅིག་ཆེད་དུ་མ་བསྒྲིགས་བཞིན། །
འདབ་སྟོང་ཆུ་སྐྱེས་ཆུས་མི་ཆགས་པའམ། །
ཉི་ཟླ་མཁའ་ལ་ཐོགས་མེད་སྨོན་པའི་ཚིག །
རྟེན་འབྱུང་དགེ་བའི་མཚན་མ་ཅིར་ཡང་གསལ། །

གང་ཚེ་རབ་འབྱམས་ཞིང་ན་བཞུགས་པ་ཡི། །
སྲས་བཅས་རྒྱལ་བ་རྒྱ་མཚོ་དཔང་གསོལ་ཏེ། །
བགྲང་ཡས་བསྐལ་མང་ཚོགས་ཟུང་ཡོངས་འདུམ་པའི། །
རེ་བའི་ནོར་དེ་ཐུགས་ལ་བརྣག་ནས་སུ། །

འདི་བཟུང་རབ་དགའི་ས་ལ་མ་ཞུགས་པར། །
ཇི་བཞིན་བསམ་ཞིང་སྤྱད་པར་དཀའ་བ་ཡི། །
དྷ་ན་རཱ་ཛ་ས་ཡ་ཕྲག་བརྒྱ་རུ། །
བཏབ་པའི་བསོད་ནམས་ཕུང་པོའི་མཐའ་མི་རྙེད། །

དེ་ལྟའི་དགེ་བའི་མཚན་མ་འདི་ཅི་ཞེས། །
ཕྱོགས་ཀྱི་མཛེས་མས་རྫ་རྔ་འཁྲོལ་བ་ན། །
གཙང་མའི་རིས་ཀྱི་ལེགས་བྲིས་གཞོན་ནུ་ཡང༌། །
ལྟད་མོར་ལྷགས་ནས་མཁའ་དབྱིངས་འགེངས་སམ་སྙམ། །

དུས་དང་དུས་སུ་རྟེན་གསུམ་དག་གི་དྲུང༌། །
བསྟོད་བཀུར་བསྔགས་པའི་རིམ་གྲོ་མཐའ་ཀླས་པ། །
སྙིམ་པའི་མེ་ཏོག་སྤྱི་བོའི་སར་ཟུམ་སྟེ། །
ལུས་བཏུད་གུས་པའི་རྣམ་འགྱུར་དང་བཅས་ཕུལ། །

གཏན་པ་མེད་པའི་མཆོད་སྦྱིན་མི་ཟད་པའི། །
སྒོ་འཕར་བརྒྱ་ཕྲག་ཡངས་པོར་རབ་ཕྱེས་ནས། །
རྣམ་མང་ཚོགས་ཀྱི་མཆོག་ལ་བསྟབས་པ་ཡིས། །
ཀུན་ཏུ་བཟང་བོའི་ལོངས་ལ་ཕྲག་དོག་བྱེད། །

སླར་ཡང་མཁྱེན་བརྩེའི་འོད་སྟོང་དྲྭ་བ་ཅན། །
སྨྲ་བའི་ཉི་མ་རྒྱལ་སྲས་འཇམ་དབྱངས་ཀྱི། །
དངོས་ཞལ་རིངས་པར་མཇལ་བའི་དུས་རིག་ནས། །
ནོར་བཟང་ཕུག་པའི་ག་ལ་བ་དེར་གཤེགས། །

ཨེ་མ་སྔར་ནས་ཁྱེད་ཀྱི་ཐུགས་གསང་ལ། །
བློ་འདས་གཉུག་མ་དོན་གྱི་འཇམ་དཔལ་ནི། །
རོ་གཅིག་རིག་པའི་ཐིག་ལེར་གྱུར་ཟིན་པས། །
ད་ཀོ་ཅི་ཞིག་འཚོལ་ཞེས་སོམ་ཉི་འཛིན། །

འོན་ཀྱང་རྟོག་གེའི་ཉི་ཚེའི་བློ་གྲོས་ཀྱིས། །
རྣལ་འབྱོར་རྟོག་པ་བསམ་གྱིས་མི་ཁྱབ་སྟེ། །
ཡེ་སངས་རྒྱས་པ་ཤཱཀྱ་སེང་གེས་ཀྱང༌། །
བྱང་ཆུབ་ཞི་བའི་བདུད་རྩི་གཉེར་ལ་ལྟོས། །

དེ་ཚེ་རྡུལ་བྲལ་སྟོང་ཆེན་དང་འདྲེས་པའི། །
མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འདུས་མ་བྱས། །
མཐོང་གྲོལ་མཚན་དཔེའི་ལང་ཚོར་སྨིན་པའི་སྐུ། །
མངོན་སུམ་མིག་གི་བདུད་རྩིའི་དཔལ་དུ་ཐོབ། །

དེ་འཕྲལ་ཏིང་འཛིན་སྒོ་མོ་མཐའ་ཀླས་པར། །
འཇུག་ཅིང་ལྡང་བའི་ལས་ལ་དབང་བསྒྱུར་ནས། །
རྒྱལ་བའི་མྱུ་གུ་ཡབ་དང་བཅས་པ་ལ། །
ལོངས་སུ་སྤྱོད་པའི་དབུལ་བ་ཁྱོད་ཀྱིས་བྱིན། །

གང་བྱིན་སྙིང་ལ་ཞུགས་པའི་རྟེན་འབྲེལ་ལས། །
དད་སོགས་དབང་བོའི་རིམ་པ་དང་འཚམ་པར། །
དངོས་ཉམས་རྨི་སྣང་ལམ་ནས་ལྷག་པའི་ལྷས། །
ཞལ་གཟིགས་ལུང་བསྟན་ཐོབ་རྣམས་དགའ་བ་ལ། །

ཁྲི་ཕྲག་གྲངས་ལས་བརྒལ་བའི་འཁོར་གྱི་ཚོགས། །
ལྷན་ཅིག་རང་སྣང་དག་པའི་ཞིང་ཁམས་སུ། །
ཚོམ་བུ་གཅིག་ཏུ་འདུ་འབྲལ་མེད་པ་ཡི། །
ཞལ་བཞེས་འདི་ཀོ་སྙིང་གི་བཅུད་དུ་སྨན། །

དེ་ནས་རྒྱལ་སྲས་ཁྲི་ཕྲག་རོལ་གླིང་དུ། །
ཐབས་ཆེན་ཐེག་པའི་སྨིན་བྱེད་བདུད་རྩིའི་རྒྱུན། །
ལས་ལྡན་གདུལ་བྱའི་ཞིང་སར་ཉེར་ཕབ་སྟེ། །
ཟུང་འཇུག་སྐུ་བཞིའི་ས་བོན་གྲུང་པོར་བྱས། །

ཨེ་མ་སྐལ་བཟང་ལེགས་བྱས་གསོག་པའི་གཞི། །
ངོ་མཚར་བྱིན་རྟེན་བྱེ་བའི་སྙིང་པོ་ཅན། །
རྒྱལ་སྐུ་གསེར་གྱི་མདངས་འོད་མཛེས་འབར་བ། །
རྣམ་མང་བསྐྲུན་པའི་ཕ་མཐའ་སུ་ཡིས་དཔོག །

གང་དུ་བརྒྱ་ཕྲག་ཟོང་གིས་ཁུག་མིན་པའི། །
ངོ་མཚར་གཟི་འོད་འཁྱིལ་བའི་རིན་ཆེན་སྒྲོམ། །
འབྱུང་བ་སྒང་གཤོང་སྣོད་བཅུད་རྟེན་འབྲེལ་གྱི། །
རྒུད་པ་རྨང་ནས་གསོ་ཕྱིར་གཏེར་དུ་སྦས། །

ཡང་ཅིག་ཆུ་འཛིན་གདན་དུ་ལེན་པ་ཡི། །
ཤར་རི་རྒྱ་མཚོ་མཐོང་བའི་སྤོར་གཤེགས་ནས། །
མ་དག་འཁྲུལ་བའི་སྣང་ཞེན་གཞི་ལ་ཐིམ། །
འོད་གསལ་རྡོ་རྗེ་རོལ་ངོར་རིང་ཞིག་འཕྱན། །

དེ་ཚེ་སྲེད་མེད་ཕུག་པའི་ཐོ་ཕྱི་རུ། །
སྣ་ཚོགས་ཚོན་བརྒྱའི་རི་མོ་བཀྲག་འབར་བའི། །
འཇའ་སྤྲིན་བདུད་རྩིའི་ཐིག་ལེ་ཟླུམ་འཁྱིལ་དུ། །
འཁྲིགས་པའི་ངོ་མཚར་གཟིགས་མོ་ཅི་ཡང་མཚར། །

དེར་ཡང་དྲན་རིག་འདུས་པའི་འཁོར་ཚོགས་ལ། །
སྒྲིམ་པོའི་བློ་ཡིས་ཆེད་དུ་བསྒྲིགས་མིན་པར། །
ངེས་དོན་འཇམ་དབྱངས་ཐུགས་གསང་བུམ་པའི་སྐུར། །
རོལ་བའི་བཞད་སྒྲ་སྐྱེས་ཀྱི་ཕུལ་དུ་བྱིན། །

སླར་ཡང་ལྷུན་སྟུག་དབང་ཕྱོགས་རི་ལས་ལྷོ་ཕྱོགས་ལ་གནས་དྭངས་བསིལ་རྡོ་ཡི་གླིང་བཟང་དུ། །
སྤྱན་འདྲེན་ཕོ་ཉས་མདུན་དུ་བདར་ཏེ་གུར་གུམ་རྡུལ་དམར་ལྷ་ཡི་ལམ་དུ་དཀྲིགས་པ་བཞིན། །
ལྷམ་མེ་ལྷན་ནེ་ལྷང་ངེར་རབ་གསལ་མཐོང་བས་མི་ངོམས་ངུར་སྨྲིག་གསར་བ་གསར་བའི་རྒྱན། །
ཀུན་ནས་མཛེས་འབར་འཁོར་གྱིས་ཡོངས་བསྐོར་དལ་གྱིས་གཤེགས་པའི་ངང་ཚུལ་གང་དེ་འདིར་ཡང་དྲན། །

ཨེ་མ་གནས་འདིར་འཇམ་དབྱངས་ཀྱི། །
རང་བྱུང་ཆོས་ཀྱི་ཁྲི་ཆེན་པོར། །
ཆོས་རྗེ་དམ་པའི་ཞབས་པད་མོ། །
བཀོད་པས་ཡིད་ལ་ངལ་གསོ་བྱིན། །

དོན་བརྒྱུད་བྱིན་ཆེན་སྙིང་ལ་གནས། །
ལེགས་བཤད་བདུད་རྩི་ཞལ་ལ་ཆགས། །
དེ་ཕྱིར་འདིར་ཡང་ཆོས་སྦྱིན་གྱིས། །
སྐལ་བཟང་ཡིད་ནི་ཀུན་དགར་བྱས། །

དུས་དེར་དྭངས་བསིལ་དཀར་ཆག་ལས། །
བྱུང་བའི་འཇམ་དབྱངས་རྣམ་འཕྲུལ་གྱི། །
སྣ་ཚོགས་འོད་ཅན་དབང་གཞུའི་རིས། །
ཀུན་གསལ་བུ་མོའི་མཐའ་ལ་བྲེས། །

གཞན་ཡང་གོར་མའི་ཆོས་ཁྲིའི་དྲུང༌། །
རྣལ་འབྱོར་ག་ན་ཙཀྲར་རོལ། །
སྣང་བ་དཔེ་ཆར་ཤར་བ་ཡི། །
རྡོ་རྗེ་གླུ་ཡི་མཛོད་ཀྱང་རྡོལ། །

ཡང་ཅིག་དེ་སྟེང་ནི་ཙཱུ་ལ་ཡི་ལྗོན། །
གེལ་བ་མ་ཡིན་ལྕུག་ཕྲན་ཡལ་ག་དག །
མི་ཕྱེད་ཕྱག་རྒྱས་བཅིངས་པའི་ནགས་ཚལ་ནི། །
དབེན་གསུམ་བདུད་རྩིའི་བཅུད་ལེན་གཅིག་པུ་ཡོད། །

སྐལ་ལྡན་ཟླ་གཞོན་སྟོང་གི་ཁེངས་འཕྲོག་པའི། །
ལྷུན་སྟུག་ཡལ་གའི་གྲིབ་བསིལ་སྣུམ་པོ་ལ། །
བརྟེན་པའི་བསམ་གཏན་པ་དག་ཏིང་འཛིན་རོས། །
མྱོས་པའི་རྩེ་དགར་རོལ་བའི་མཐའ་མི་དཔོག །

ཁོར་ཡུག་བསུང་ཞིམ་ངད་ཀྱིས་འགེངས་པ་ཡི། །
སྣ་ཚོགས་ཆུ་སྐྱེས་མགོ་ལྕོག་ལྡེམ་པའི་སར། །
དར་དིར་གླུ་དབྱངས་ལེན་པའི་སྦྲང་ཆུང་དག །
འཕུར་ལྡིང་གར་གྱིས་རོལ་པ་ཉམས་སུ་དགའ། །

འདབ་ཆགས་སྙན་པའི་གྲེ་འགྱུར་རྒྱུད་མང་སྤུན། །
འཁྲི་ཤིང་ཡལ་ག་ནོར་བུའི་རྔ་ཡབ་ཟླ། །
ཡིད་འོང་ཁྲུས་རྫིང་འཆི་མེད་བདུད་རྩིའི་གྲོགས། །
འདི་ཀོ་སུམ་རྩེན་ཡུལ་དང་སུ་ཡིས་ཕྱེད། །

དེ་ལྟའི་ཡིད་འོང་སྨན་ལྗོངས་ཐིག་ལེ་རུ། །
མཚུངས་མེད་ཡབ་རྗེས་ཉིན་ཞག་དུ་མའི་བར། །
ངེས་གསང་ཆོས་ཀྱི་བགོ་བཤའ་བསྟབས་པ་ལ། །
རོལ་པའི་སྐལ་བཟང་ད་དུང་ཡིད་ལ་འཁོར། །

དེ་ནས་ཕྱག་ན་པདྨོ་དྲུག་པ་ཆེ། །
ཚངས་པའི་དབྱངས་ལྡན་རྒྱ་མཚོའི་མཚན་འཆང་བའི། །
བྱིན་ཆགས་སྒྲུབ་གནས་ག་ལ་བར་གཤེགས་ཏེ། །
དོན་ཀུན་གྲུབ་པའི་ཚིགས་བཅད་ཆེད་དུ་བརྗོད། །

དེ་འཕྲལ་གངས་ལྗོངས་ཆོས་ཀྱི་ཞིང་ཁམས་སུ། །
འཕྲུལ་ལྡན་ཆིབས་ཀྱི་ཁ་ལོ་སྒྱུར་བ་ལ། །
ཕྱོགས་ཚེ་དེར་གནས་དད་ལྡན་བགྲང་ཡས་ཀྱི། །
བཞིན་རས་མཆི་མས་བརླན་བཞིན་འདི་སྐད་དུ། །

ཚོགས་ཟུང་ཆུ་གཏེར་བསྲུབས་པ་ལས་སྐྱེས་པའི། །
མཁྱེན་བརྩེའི་འོད་དཀར་སྟོང་གི་དྲྭ་བ་ཅན། །
སྐྱབས་གཅིག་ཟླ་གཞོན་གཞན་དུ་བཞུད་གྱུར་ན། །
མོས་ལྡན་ཀུན་དཱའི་རེ་ལྟོས་སུ་ལ་འཆའ། །

མཐོང་བ་དོན་ལྡན་མི་ཡི་ཉི་མའི་ཞལ། །
མངོན་སུམ་མཇལ་བའི་སྐལ་བཟང་ན་དར་སྐབས། །
གློ་བུར་བདག་ཅག་གདུང་བ་གཟུགས་ཅན་བཞིན། །
ཚུལ་འདི་དགོངས་ལ་གནས་འདིར་རྟག་བཞུགས་གསོལ། །

དེ་སྐད་ཞུ་དོན་གཏམ་གྱི་མ་ལི་ཀ །
གདུང་བའི་དབྱངས་ཀྱི་སྲད་བུ་ལ་བརྒྱུས་ནས། །
རྗེ་ཡི་ཞབས་སེན་དྲུང་དུ་ཕུལ་བ་ན། །
དབུགས་དབྱུང་ཡིད་ཀྱི་བདུད་རྩི་འདི་ལྟར་བྱིན། །

ཀྱེ་ཧོ་ཤེས་པར་གྱིས་ཤིག་སྐལ་བཟང་དག །
འདུས་བྱས་ཆོས་རྣམས་གཡོ་བའི་ངང་ཚུལ་ནི། །
སྐད་ཅིག་སྐད་ཅིག་གློག་གི་གར་མཁན་མའི། །
རྗེས་སུ་འགྲོ་འདི་འགོག་མེད་དངོས་པོའི་གཤིས། །

རགས་པ་རྒྱུན་གྱི་སྣང་བ་འདི་ཉིད་ཀྱང༌། །
མི་རྟག་མཐའ་བཞིའི་བཀའ་རྟགས་ཕྱག་རྒྱ་ལས། །
འདའ་བའི་གོ་སྐབས་མཁའ་དབྱིངས་ཨུཏྤ་ལར། །
འགྲན་པའི་གཏམ་འདིས་སྐྱོ་བ་སངས་པར་མཛོད། །

དེ་ཕྱིར་དེང་ཡང་གནས་སྐབས་སོ་སོ་རུ། །
འབྲལ་དགོས་ན་ཡང་སྐྱེ་བ་ཕྱི་མའི་ཚེ། །
བདེ་ཆེན་དག་པའི་ཞིང་དུ་འཕྲད་དོ་ཞེས། །
དབུགས་དབྱུང་གཏམ་གྱིས་མྱ་ངན་སངས་པར་བྱས། །

དེ་ནས་འཕྲུལ་གྱི་ཕེབས་གྲུ་ལ་ཞུགས་འཇམ་དབྱངས་སྤྲུལ་པའི་ཞིང་མཆོག་གང་དེའི་སྙིང་པོར་ཆགས་པ་བྱང་ཆུབ་སྤོའི། །
གསེར་འོད་ཆགས་པའི་བྱ་འདབས་རིམ་འདས་ཁྲག་ཁྲིག་གློག་གི་སྒྲོན་མེ་བཀྲ་བའི་གྲོང་ཁྱེར་དག་ཀྱང་ཡོངས་བརྒལ་ནས། །
འཛམ་གླིང་ནོར་འཛིན་གཙུག་གི་རྒྱན་གཅིག་ཁ་བའི་མེ་ཏོག་ལྷབ་ལྷུབ་གཡོ་ལྡན་རབ་དཀར་གངས་རིའི་མུ་ཁྱུད་ཀྱིས། །
ཟླུམ་པོར་བཅིངས་པའི་གྲགས་པ་གསལ་ལྡན་སྐལ་བཟང་ཞིང་ཁམས་བྷོ་ཊའི་ལྗོངས་སུ་ཞབས་སེན་རྡུལ་ཕྲན་དལ་གྱིས་འཕོས། །

དེ་ཚེ་ཁྱོད་ཞལ་འོད་སྟོང་འཛུམ་ཟེར་གྱིས། །
སྐལ་དམན་འབྱུང་བྱ་འགའ་ཞིག་ལོང་ན་ཡང༌། །
བློ་ལྡན་པད་དཀར་གཞོན་ནུའི་འདབ་གྲོལ་ཏེ། །
དད་གསུམ་གེ་སར་ཁོང་ནས་ཅིར་ཡང་རྒོད། །

རིམ་གྱིས་བསིལ་ལྡན་ཆོས་ཀྱི་ཚོང་བརྡལ་ཆེ། །
ཆེ་བ་སྟོང་ལྡན་དུ་མས་སྤྱན་དྲངས་ཏེ། །
ཏེ་པོར་དགའ་བའི་ཡིད་ཀྱིས་ཁྱོད་ཞབས་རྡུལ། །
རྡུལ་སྙེད་ཕྱག་གིས་མཆོད་འདི་བློ་ལས་འགོངས། །

དུས་དེར་གསང་ཆེན་དབེན་པའི་རི་ཁྲོད་ཀྱི། །
གཞིར་སྡོད་པ་དག་རྗེ་ཡི་ཞལ་མཇལ་བར། །
བྲེལ་བའི་ཡིད་ཀྱིས་སྣ་ཚོགས་མཆོད་སྤྲིན་ནི། །
རྒྱ་མཚོའི་སྤྲིན་གྱི་དཔལ་ལ་ཀུན་ནས་འཁུ། །

འབུད་དཀྲོལ་སྙན་འཇེབས་རོལ་མོ་རྣ་བར་སིམ། །
ལྷ་ཤིང་བསང་གི་དུད་པ་མཁའ་ལ་དཀྲིགས། །
སྣ་ཚོགས་དར་གྱི་འཕུར་ལྡིང་ལྷབ་ལྷུབ་གཡོ། །
ཡ་མཚན་བཀོད་པའི་ཁྱད་པར་ཟད་མི་ཤེས། །

དེ་ལྟའི་དངོས་འབྱོར་མཆོད་པས་མདུན་བསུས་ཏེ། །
གཞིག་བྲལ་རྟག་པ་དམ་པའི་ཁྲི་འཕང་ལ། །
ཆེ་བ་འབུམ་གྱིས་རོལ་ནས་ད་ལྟའི་བར། །
གསང་གསུམ་མཁའ་དང་མཉམ་པར་བརྡལ་བའོ། །

       སླར་སྨྲས་པ།
གང་འདིར་བདག་ཅག་གཙུག་གི་ནོར་བུ་ངག་གི་དབང་ཕྱུག་བློ་གྲོས་མཚུངས་མེད་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། །
དྭངས་བསིལ་རྩེ་ལྔར་ཕེབས་པའི་རྟོགས་བརྗོད་རྒྱ་མཚོ་ཆེ་ལས་ཆུ་ཐིགས་ཇི་བཞིན་ཡིད་ལ་ཤར་བའི་དོན་པོ་འགའ། །
ཉམས་དང་འགྱུར་བ་སྟོང་གི་རོ་ལྡན་ངག་དབང་དཎྜིའི་ཞལ་སྒོ་ལས་འོངས་རྒྱན་གསུམ་གནྡྷ་བྷ་ཡི་གླུར། །
བླངས་པ་གང་དེ་དེ་རིང་འདི་ན་མུ་ཏིག་འཁྲི་ཤིང་སྤྲིང་ཡིག་ཟོལ་གྱིས་མཁས་མང་དགྱེས་པའི་སྐྱེས་སུ་འབུལ། །

ཞིང་གི་མཆོག་གྱུར་བསྔགས་འོས་བསྔགས་པའི་ལེགས་བྱས་རྣམ་པར་དཀར་བའི་ཆ། །
མཐའ་བྲལ་སྔོ་བསངས་ནམ་མཁའི་བུ་མོར་སྙོམས་པར་འཇུག་པའི་རྩེ་དགའ་འཛིན། །
གང་ཞིག་དེ་ལྟའི་དཔལ་ལ་སྲེད་དེ་དད་དང་སྤྲོ་བ་འགྲན་བཞིན་དུ། །
རྟོགས་བརྗོད་སྨྲ་བའི་ལྕེ་རྩེ་འདི་ཡང་སྐལ་བཟང་སྟོང་གི་ཕུལ་དུ་སེམས། །

འདི་བརྩམས་ལས་བྱུང་རྣམ་པར་དཀར་བས་སྐྱབས་གཅིག་ཙིནྟ་མ་ཎི་ཡི། །
སྐུ་ཚེ་མི་ཤིགས་སྲིད་མཐར་འཚོ་གཞེས་མཛད་པ་ཕྲིན་ལས་མཁའ་དང་མཉམ། །
ཐུགས་ཀྱི་བཞེད་དོན་མཐའ་དག་མྱུར་འགྲུབ་སྐྱེ་རྒུའི་མོས་སྣང་ཆོས་ལ་བསྒྱུར། །
ཀུན་ཀྱང་ཀུན་ནས་བཟང་པོར་རེག་སྟེ་ཕྱམས་གཅིག་ཐར་གླིང་ཕྱིན་པར་ཤོག །