|
རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་མཛོད་གཅིག་པུ། ། གང་འདུལ་སྒྱུ་འཕྲུལ་རྡོ་རྗེའི་རོལ་མོ་ཅན། ། ཡབ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། ། དགེ་ལེགས་ཤིས་པའི་མེ་ཏོག་དེང་འདིར་སྩོལ། །
དད་གསུམ་ཟླ་གཞོན་ཟེར་གྱིས་རེག་པ་ཡི། ། སྙིམ་པའི་ཆུ་སྐྱེས་བདེ་ཆེན་འཁོར་ལོ་རུ། ། འཛུམ་པ་གསར་བའི་གར་དང་ལྷན་ཅིག་ཏུ། ། སྙན་ངག་སྨྲ་བའི་ལྕེ་འདི་ཅི་ཡང་ངལ། །
གང་ཁྱོད་གཞི་ལས་འཕགས་པའི་སྐད་ཅིག་ལ། ། ཁྱད་ཆོས་དྲུག་ལྡན་གདོད་མའི་ནང་དབྱིངས་སུ། ། ཡེ་སངས་རྒྱས་པའི་རང་གདངས་མ་འགགས་པར། ། ཕྱི་གསལ་སྒྱུ་འཕྲུལ་བཀོད་པ་འབྱམས་སུ་ཀླས། །
དུས་སུ་རླབས་ཆེན་ཐུགས་བསྐྱེད་གང་གཱ་འཛིན། ། བསྲུངས་སྐྱེས་མཐོང་གྲོལ་མིག་གི་བདུད་རྩི་ཉིད། ། ས་གསུམ་ཡིད་ཀྱི་མུན་པ་སེལ་བའི་ཕྱིར། ། བསམ་བཞིན་ཆོས་དབྱིངས་ལྷ་ཡི་ལམ་ལས་བབས། །
མ་སྨད་རིགས་རུས་ཐིག་ལེ་གཞོན་ནུ་མ། ། སྦྲུམ་པའི་མངལ་རྒྱ་གྲོལ་བའི་དེ་མ་ཐག ། རིག་སྔགས་རྒྱལ་པོ་ཡི་གེ་འབྲུ་བདུན་པ། ། བརྗོད་བྲལ་མི་ཤིགས་ན་དཱའི་རང་སྒྲར་དྲངས། །
མནོག་ཆུང་སྲིད་པའི་བདེ་བས་ཐུགས་སུན་ནས། ། ཐར་མཆོག་ཞི་ལམ་གཉེར་བའི་ངེས་འབྱུང་དང༌། ། གཞན་ཕན་སེམས་ཀྱི་དམ་པ་རིན་པོ་ཆེ། ། སྲིད་ཞིའི་གདུང་བ་སེལ་བའི་དཔལ་དུ་འཁྲུངས། །
ཁྱོད་སྐུ་ན་ཚོད་ཕྲ་མོའི་དུས་ཉིད་ནས། ། སྤྱན་དང་མངོན་ཤེས་ཞལ་གཟིགས་ལུང་བསྟན་དང༌། ། གཟུངས་སྤོབས་ཏིང་འཛིན་སྒོ་མོ་བརྒྱ་ཕྲག་སྙེད། ། བདེ་བླག་རང་གིར་བགྱིད་ལ་མཆོག་ཏུ་དཔའ། །
རྨད་བྱུང་ཡོན་ཏན་བྱེ་བ་འབྱུང་བའི་གནས། ། སྡོམ་གསུམ་པད་མ་དཀར་པོའི་འཁྲི་ཤིང་འདི། ། གང་ཐུགས་འོ་མའི་ཆུ་མཚོར་འཁྲུངས་མ་ཐག ། ལྷར་བཅས་སྐྱེ་རྒུས་བསྔགས་པའི་འོས་སུ་མཐོ། །
རིང་པོར་མ་ཐོགས་རྒྱལ་སྲས་རྟག་ཏུ་ངུའི། ། ཆེ་བའི་རྣམ་ཐར་དཔལ་ཡང་ཕམ་བྱེད་པའི། ། གཞིག་བྲལ་སྙིང་སྟོབས་གོ་ཆ་ལྷུར་བཞེས་ཏེ། ། དམ་པའི་བཤེས་གཉེན་འཚོལ་ལ་ཅི་ཡང་བྲེལ། །
ཐུབ་བསྟན་ཁྲིམས་ཀྱི་ཡལ་འདབ་དར་བའི་རྩེར། ། བཤད་སྒྲུབ་ཆོས་ཀྱི་ལོ་འབྲས་གཡུར་ཟ་ཞིང༌། ། འཕྲིན་ལས་གྲིབ་བསིལ་ཕྱོགས་ཀྱི་མཐར་འཕེལ་བའི། ། ཐུགས་རྗེའི་གྲིབ་བསིལ་སྣུམ་པོ་སྙིང་ལ་སིམ། །
ཨེ་མ་འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ་གྱིས། ། རྗེས་བཟུང་ཤེས་བྱར་སྲིད་པའི་ཆོས་སོ་ཅོག ། མ་ལུས་ཐུགས་ཀྱི་རྒྱན་དུ་སོན་པའི་ཚེ། ། ཀུན་མཁྱེན་མཚན་གྱི་ཅོད་པན་དབུ་ལ་ཕོག །
སྨྲ་བྱེད་ལྗགས་ཀྱི་འདབ་མའི་ཆ་རེས་ཀྱང༌། ། དོན་ལྡན་གཙུག་ལག་རྒྱ་མཚོའི་དཀའ་བའི་གནད། ། དྲི་ཟའི་ན་ཆུང་མྱོས་པའི་གླུར་ལེན་པའི། ། འཆད་པ་ཐོས་འཛིན་བདུད་རྩིའི་བཅུད་དུ་ཆེ། །
རྩོད་རིགས་གནམ་ལྕགས་འཕྲུལ་གྱི་མདའ་བོ་ཆེས། ། རྒོལ་ངན་མགྲིན་བཅུའི་གདེངས་ཀ་མཐར་བྱས་ཏེ། ། གྲགས་དཀར་སི་ཏཱ་རྒྱལ་བའི་རུ་མཚོན་དུ། ། བླངས་པའི་སྙན་པ་ནམ་མཁའི་མཐའ་ལ་འཁྲིལ། །
མདོ་སྔགས་གཞུང་བཟང་སྐབས་གསུམ་བདུད་རྩིའི་ཆབ། ། མཐའ་དག་རྣམ་དཔྱོད་ཧུབ་ཀྱིས་དགྱེས་རོལ་ནས། ། ཡ་མཚན་གླེགས་བམ་ཟོལ་གྱིས་སྐྱུག་མཁས་པས། ། སྔོན་མེད་རྩོམ་པ་མཁས་རྒུའི་སྙིང་ལ་སིམ། །
ཐ་མལ་སྣང་གྲགས་རིག་པ་ལྕགས་ཀྱི་ཁམས། ། ཐབས་ཆེན་མན་ངག་གསང་བའི་རྩི་སྨན་གྱིས། ། ལྷ་སྔགས་ཆོས་ཉིད་གསེར་སྦྱངས་ཕུང་པོ་རུ། ། བསྒྱུར་བའི་ཆེ་བ་འཇིག་རྟེན་རྒྱན་དུ་ལྷམ། །
སྤྲུལ་པའི་འཁོར་ལོའི་གཏུམ་མོའི་འཛུམ་ཟེར་དང༌། ། སྤྱི་གཙུག་ཟླ་བ་དཀར་པོའི་ཐིག་ལེ་གཉིས། ། དྷཱུ་ཏིའི་གྲོང་ཁྱེར་དབུས་སུ་དུས་བཏབ་པས། ། མི་འགྱུར་ལྷན་སྐྱེས་དགའ་བ་ཁོང་ནས་དགོད། །
ཁྱད་པར་འོད་གསལ་ཐེག་པ་མཆོག་གི་རྩེ། ། མཚན་མའི་རྟོག་པ་ཡོངས་གྲོལ་འཇའ་ཟེར་སྦུབས། ། རང་སྣང་སྐུ་དང་ཐིག་ལེའི་རྩེད་དགའ་ལ། ། དུས་གསུམ་དུས་མེད་རྒྱུན་གྱི་འཁོར་ལོར་འབྱམས། །
དེ་ལྟར་དོན་དམ་གཤིས་སུ་ཕེབས་པ་ཡིས། ། རླུང་སེམས་ལྷ་མིའི་འདུ་བར་དབང་བསྒྱུར་ཏེ། ། རོ་སྙོམས་བརྟུལ་ཞུགས་སྤྱོད་པའི་རང་རྟགས་ནི། ། བཞེད་དགུར་སྟོན་པའི་ཚུལ་ལ་སུ་ཡིས་བསྙོན། །
མི་ཤེས་ཕྲག་དོག་མུན་པའི་ཀློང་ཉུལ་ཞིང༌། ། ཕན་བདེའི་སྲོག་ལ་གཟན་པའི་བདུད་སྡེའི་དཔུང༌། ། བྱམས་ཆེན་མཚོན་རྣོན་འབར་བས་སྤ་བཀོང་ཚེ། ། ལྷ་མིའི་སྟོན་པའི་དཔལ་དེ་རྗེས་སུ་དྲན། །
མཚོ་སྐྱེས་རྒྱལ་བའི་དགོངས་པས་རྒྱས་བཏབ་པའི། ། གཏེར་རིགས་རྒྱ་མཚོ་འབྱིན་པའི་བཀའ་བབས་ཤིང༌། ། ལྷན་སྐྱེས་འོད་གསལ་དབྱིངས་ཀྱི་ཌཱ་ཀྐི་མས། ། མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཁྱོད་ལ་གཏད། །
མཐའ་དབུས་མེད་པར་སྙིགས་མས་ནོངས་བྱས་ནས། ། ངན་སྤྱོད་དུག་གི་མཚོ་ཆེན་རྡོལ་བའི་ཚེ། ། དམ་པའི་རང་རྟགས་མ་ཉམས་ལྷང་ངེ་བ། ། གཅིག་པུ་མིག་གི་བདུད་རྩི་བླ་ན་མེད། །
ཁ་བ་རི་བོའི་ཀློག་པ་ཕལ་མོ་ཆེ། ། རང་རང་ལྟ་ལ་ཆགས་ཤིང་གཞན་སྨོད་ཚེ། ། ཁྱོད་ཀྱིས་དཔྱད་གསུམ་དག་པའི་ལུང་རིགས་ཀྱིས། ། འགལ་མེད་དགོངས་པའི་བབས་སོ་གཅིག་ཏུ་བསྒྲུབས། །
དུས་འདིར་བླ་ཆེན་དབུ་གདུགས་ཅན་གྱི་སྲོལ། ། བདག་གིར་འདུ་བྱས་སྲིད་འབྱོར་སྒྱུ་མའི་རྫས། ། ལོག་འཚོས་སྒྲུབ་པའི་རྣམ་ཐར་ཡོངས་བཏང་ནས། ། རྒྱལ་བསྟན་འབའ་ཞིག་སེམས་པ་ཁྱོད་ཉིད་ཙམ། །
རྣམ་པ་དེ་ལྟའི་ཕྱིར་ན་བཀའ་གཏེར་གྱི། ། རྡོ་རྗེའི་ལུང་གིས་བསྔགས་པ་དོན་ལྡན་དུ། ། བསྒྲུབས་པའི་ཚུལ་འདིས་ལྕགས་ཀྱུ་མེད་པར་ཡང༌། ། མཁས་རྣམས་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག །
རབ་འབྱམས་ཞིང་ཀུན་ཁྱབ་པའི་ཕྲིན་ལས་ཀྱི། ། ཆེ་བའི་དཔལ་མངའ་གསང་གསུམ་རྡོ་རྗེའི་བདག ། འདེགས་བཟོད་བསིལ་ལྡན་གངས་རིའི་མུ་ཁྱུད་ཅན། ། རྒྱ་མཚོའི་ཀློང་དུ་ཅིའི་ཕྱིར་བྱིང་མ་གྱུར། །
གང་གི་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། ། ཕལ་གྱུར་བཤེས་གཉེན་རི་མོའི་མར་མེ་ལ། ། འདྲེན་པར་རེ་བ་ཁོང་ནས་ལྷོད་བྱས་པ། ། སེམས་དཔའ་ཁྱོད་ཀྱི་མཛད་པར་འོས་སམ་ཅི། །
མགོན་ཁྱོད་ཆེན་པོར་གྱུར་ཀྱང་འདི་སྣང་གི ། རྙེད་བཀུར་སྲིད་པའི་བདེ་ལ་མ་ཆགས་པར། ། ཕངས་མེད་ཆོས་ཀྱི་བགོ་བཤའ་སྟོབ་པ་ལ། ། སྐྱོ་ངལ་བྲལ་འདི་འཕགས་ཆེན་དམ་པའི་སྲོལ། །
ཨེ་མ་མཁྱེན་བཟང་སྤྲིན་དཀར་སྡུག་གུ་མ། ། བརྩེ་ཆེན་དྲི་བཞོན་དར་མས་བསྐུལ་བ་ལས། ། འོངས་པའི་གདམས་དོན་བདུད་རྩིའི་ཆ་རེ་ཡང༌། ། དུས་མཐའི་སྐྱེ་འགྲོའི་ཡིད་ཀྱི་དཔལ་དུ་ཆེ། །
དེ་སླད་ཆེ་རྒུའི་རལ་བའི་ཅོད་པན་རྩེར། ། ཀུན་ཕན་འདོད་འཇོའི་དཔྱིད་དུ་ལྷུང་བ་ཡི། ། ཞབས་སེན་མུ་ཏིག་དཀར་པོའི་དོག་པ་ཅན། ། ནམ་ཡང་གཡོ་བ་མེད་པའི་མཆོག་བྱིན་ཅིག།
གང་གསུང་གསེར་གྱི་སྙེ་མ་དུད་པའི་བཅུད། ། བཅུད་ལེན་དཔལ་དུ་ཐོབ་པའི་ཆོས་ཀྱི་གྲོགས། ། གྲོགས་ཀྱི་དྭངས་མ་རྣམས་ཀྱང་སྲིད་མཐའི་བར། ། བར་ཆད་བདུད་ལས་རྒྱལ་ཏེ་འཚོ་གཞེས་གསོལ། །
དེ་སྐད་བདག་མགྲིན་པད་དཀར་རྫིང་བུ་རུ། ། མཚོ་བྱུང་འཛུམ་པའི་ངག་རིག་མེ་ཏོག་བཅུད། ། སྙན་ཚིག་ཟིལ་དངར་འཛགས་པའི་ཀེ་ས་ར། ། བློ་གསལ་རྐང་དྲུག་མྱོས་པའི་སྐྱེས་སུ་བསྟབས། །
དགེ་བས་ནམ་མཁའ་སྲིད་དུ་མཚུངས་མེད་རྗེའི། ། ངོ་མཚར་རྟོགས་པ་བརྗོད་པའི་དབྱངས་སྙན་གྱིས། ། འགྲོ་ལ་དབུགས་འབྱིན་བཀའ་ཡི་སྡུད་པ་པོར། ། གྱུར་ནས་དོན་ཀུན་ལྷུན་གྱིས་འགྲུབ་གྱུར་ཅིག ། |